ཉེ་ཆར་«འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ།»ཞེས་པའི་དེབ་གཅིག འགོ་ནས་མཇུག་བར་ཆ་ཚང་བཀླགས་པ་ཡིན། དེ་ནི་དྲུང་པ་སྐུ་ཕྲེང་བཅུ་གཅིག་པའི་གསང་ཡུམ་གཙོ་བོར་གྱུར་པ་དབྱིན་ཇིའི་བུ་མོ་“ཌ་ཡ་ན་ཇེ་སྨུག་པོས་”བརྩམས་པ་ཞིག་རེད་འདུག ང་རང་སྔར་ནས་རགས་ཙམ་གོ་ཐོས་བྱུང་མྱོང་བའི་ནང་པའི་བླ་མ་གལ་གནད་ཆེ་ཤོས་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་ (1940–1987) མཛད་རྣམ་ཁ་ཅིག་མཇལ་བས། འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་ལྟ་བུའི་ཚོར་སྣང་བྱུང་སོང་། ང་ཚོ་དྲུང་པ་རིན་པོ་ཆེ་ལྟར་གནས་སྐབས་ཀྱི་ཡིན་མིན་དང་བདེན་རྫུན་གྱི་འཆིང་ཐག་ལས་གྲོལ་ཏེ། རང་ཉིད་ཇི་ལྟ་བུ་ཞིག་ཡིན་ན་དེ་ལྟར་ཡིན་ཆོག་པའི་ཕྱི་གསལ་ནང་གསལ་ཞིག་ཡོང་བར་ཅི་འདྲའི་དཀའ་ཚེགས་ཆེ་བ་ཞིག་རེད་ཨང་སྙམ།
ཁོང་ནི་སློབ་མ་སྟོང་ཕྲག་ལས་བརྒལ་བའི་བླ་མ་ཐབས་ཤེས་གཉིས་ལྡན་ཞིག་ཡིན་ལ། འཆར་ཡན་དང་སྒྱུ་འཕྲུལ་སྣ་ཚོགས་ཀྱིས་ཕྱུག་པའི་སྒྱུ་རྩལ་པ་དང་། ནང་སེམས་ཀྱི་བདེ་སྡུག་གླུ་རུ་འགུགས་པའི་དོན་གྱི་སྙན་ངག་པ་ཞིག་ཀྱང་ཡིན་ནོ། །ཁོང་གི་སྐུ་ཚེའི་བརྒྱུད་རིམ་ནང་རང་ཉིད་ནི་རང་ཉིད་ཡིན་པ་ལས་གཞན་གང་ཞིག་གི་ཕག་ཏུ་ཡིབས་ནས་མཛད་པ་སྐྱོང་བའི་རྣམ་ཐར་ཆ་ཤས་ཙམ་ཡང་མེད་ཅིང་། ལམ་སྲོལ་དང་སྒྲིག་ཁྲིམས་ཀྱི་གཉའ་ཤིང་འོག་ཏུ་འཁུམས་ནས་ཅི་མི་སྙམ་པར་འདུག་མཁན་ཞིག་མ་ཡིན་ལ། འཇིག་རྟེན་དུ་གྲགས་པའི་ཆོག་མི་ཆོག་དང་རུང་མི་རུང་གི་རྣམ་གཞག་ལས་རིང་དུ་བརྒལ་བའི་སེམས་དཔའ་ཞིག་ཡིན་ནོ།།
མདོར་ན་ཤ་ཆང་བུད་མེད་སོགས་འདོད་ཡོན་ལ་ཚིམ་མེད་དུ་སྤྱད་ཀྱང་དེའི་དབང་དུ་ཤོར་མི་འགྲོ་ཞིང་། སྐབས་རེར་འཁྲིག་སྦྱོར་གྱི་ཕྱོགས་ལའང་ཐུགས་ཁུར་ཆེར་བཞེས་ཏེ་ཆེད་དུ་བགྲེ་གླེང་བཙུགས་པ་དང་། གདུལ་བྱའི་ཁམས་དབང་དང་མཚམས་པའི་ཕྱིའི་མཛད་སྤྱོད་ངེས་གཏན་མེད་པ་ཅི་དགར་བསྒྱུར་སྟེ། མི་བསྲུན་སེམས་ཅན་མཐའ་ཡས་པ་ཐར་བའི་ལམ་དུ་བརྫངས་བའི་ངེས་པ་དོན་གྱི་གྲུབ་ཐོབ་ཅིག་ཡིན་ནོ།
།འདི་ལྟར་ཕྱིར་འདང་བརྒྱབ་ནས་བལྟས་དུས་ཁོང་གི་ཀུན་དང་མི་མཐུན་པའི་རླབས་ཆེན་གྱི་ཐུགས་བཞེད་ཀྱིས་དྲག་ཏུ་བསྐུལ་ཏེ།
ད་གཟོད་རྨི་ལམ་དང་སྒྱུ་འཕྲུལ་ལྟ་བུའི་མཛད་རྣམ་ངོ་མཚར་བ་བྱུང་ཞིང་། མི་རང་ག་བ་ཞིག་གིས་དང་ལེན་བྱེད་མི་ཐུབ་པའི་ཧ་ཅང་ལྐོག་གྱུར་གྱི་སྐུ་ཚེ་ཞིག་བསྐྱལ་བ་ཡིན་པ་དང་། ནུབ་ཕྱོགས་སུ་འདུལ་བར་དཀའ་བའི་མགོ་སེར་དག་གི་རྒྱུད་ལ་ནང་ཆོས་ཀྱི་ས་བོན་ཐོག་མར་བཏབ་ནུས་པའི་རྒྱུ་རྐྱེན་ཡང་། ཁོང་གི་ཀུན་དང་མི་མཐུན་པའི་ངོ་མཚར་ཅན་གྱི་མཛད་སྤྱོད་ལ་རག་ལས་པར་སེམས་སོ།།
སྤྱིར་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་ཁོང་གི་དཔག་དཀའ་བའི་མཛད་སྤྱོད་ངོ་མཚར་བ་རྣམས། འདི་དང་འདིའོ་ཞེས་ཚིག་དང་ཐ་སྙད་རེ་ཟུང་གིས་མཚོན་ཐུབ་པ་ཞིག་མ་ཡིན་ཏེ། མ་གཞི་ནས་ཁོང་དང་ཁོང་གི་མཛད་སྤྱོད་དག་ཐོགས་རེག་དང་བྲལ་ཞིང་སྨྲ་བསམ་བརྗོད་ལས་འདས་པ་ཞིག་ཡིན་པའི་ཕྱིར་རོ།
།དེའི་སྟབས་ཀྱིས་གོང་དུ་བཤད་པ་དེ་དག་ང་རང་གི་གནས་སྐབས་ཀྱི་ཚོར་སྣང་དཔེ་ཀློག་ཟིན་ཐོ་ཙམ་དུ་ཡི་གེར་བསྟར་བ་འབའ་ཞིག་ཡིན་པ་ལས། ཁོང་དང་ཁོང་གི་མཛད་སྤྱོད་རྣམས་འདི་དང་འདིའོ་ཞེས་ཇི་བཞིན་བརྗོད་བསམས་པ་མིན་ལ། བརྗོད་པར་རྔོ་ཐོགས་པ་ཞིག་ཀྱང་མ་ཡིན་ནོ།
།དེབ་འདི་ཀློག་པར་འགོ་བརྩམས་ཏེ་ཤོག་ལྷེ་རེ་རེ་བསློགས་དུས། དེབ་ཀྱི་མཇུག་གྲུབ་མི་ཡོང་ངམ་སྙམ་པའི་སེར་སྣ་སྐྱེས་ཏེ།
ཚན་པ་འགའ་རེ་ཡང་ནས་བསྐྱར་དུ་ནན་གྱིས་ཀློག་པ་ཡིན་ཞེས་ཀྱང་ཞུ་འདོད་བྱུང་། ཞོར་དུ་“ཌ་ཡ་ན་ཇེ་སྨུག་པོ་”དྲུང་པ་རིན་པོ་ཆེའི་གསང་ཡུམ་གྱི་བསམ་ཤེས་དང་གུ་ཡངས། བཟོད་སྒོམ། བརྩེ་དུང་གི་ཆེད་དུ་ཡོད་ཚད་བློས་གཏོང་གནང་སྤོབས་པའི་སྙིང་སྟོབས་དང་། ཁོ་མོའི་མི་ཚེའི་བརྒྱུད་རིམ་དག་ལའང་ཡིད་འགུལ་རབ་ཏུ་ཐེབས་སོང་ཞེས་ཞུ་བ་ལགས་སོ།
།༢༠༢༠།༠༧།༠༡ འདྲ་ཡེ་ལྡན་གྱིས།
ཡོངས་ཁུངས།
ལུག་ཚང་དཔལ་ཡོན་སྤྱི་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།