རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 11 July 2020

ཧར་བཤད་ལྕགས་ཀྱུ་མ།

རྩོམ་པ་པོ། སློབ་དཔོན་བཀྲ་ཤིས་དོན་གྲུབ།

རྫུན་དང་ལྷན་དུའུད་བརྗོད་འདྲེས་པ་ཡིས།།

མི་རྣམས་མགུ་བའི་ཞར་ལ་མགོ་བསྐོར་བའི།།

ཧར་བཤད་ལུགས་ཀྱི་ས་བཅུ་མཐར་སོན་པའི།།

ཧར་གྱི་ལྷ་ཚོགས་རྣམས་ལ་ཧར་ཕྱག་འཚལ།།


ཧར་འདི་དང་པོ་ལྷ་ཡི་ཡུལ་ནས་བྱུང་།།

ལྷ་ཡི་དབང་པོ་ཚངས་པ་ཟེར་བ་དེས།།

འཇིག་རྟེན་བག་ལེབ་འདྲ་བ་ངས་བྱས་ཞེས།།

ཧམ་རྫུན་བླ་མེད་ཅན་གྱི་ཧར་ཞིག་བཤད།།

 

ཧར་བསྟན་བྱུང་ས་ལྷ་ཡི་ཡུལ་ཡིན་ཡང་།།

ཧར་བསྟན་དར་ས་མི་ཡི་ཡུལ་ཡིན་ཏེ།།

མི་ཚོས་ཧར་ཞིག་བཤད་དང་མ་བཤད་ལ།།

མང་པོས་ལྷ་ཆོས་མི་བྱེད་ཧར་ཆོས་བྱེད།།

 

མི་ལོ་དགུ་བརྒྱ་བཞུགས་པའི་བཱན་དེ་དང་།།

པདྨའི་སྦུབས་ལས་འཁྲུངས་པའི་ཨ་ཙརྱ།།

མཚར་གཏམ་ཧར་གཏམ་ཅི་ཡིན་མི་ཤེས་པའི།།

སྒྲུང་གཏམ་དག་གིས་དངོས་ཡོད་རྫུན་པར་བཏང་།།


མི་ཡི་མགོ་ལ་གླང་ར་ཡོད་ལུགས་དང་།།

མི་རོ་གནམ་ལ་འཕུར་བའི་ཧར་དག་ནི།།

ཧར་གྱི་ནང་ནས་ཆུང་ཤོས་ཆུང་ཤོས་ཡིན།།

མི་མགོ་བསྐོར་བའང་འཚབ་ཆུང་འཚབ་ཆུང་རེད།།

 

ཡི་དམ་ལྷ་ཡིས་ཚུར་ཞལ་མ་གཟིགས་སྔོན།།

སྒྲུབ་པ་པོ་ཡིས་ཕར་ཞལ་གཟིགས་ཟིན་པའི།།

ཧར་གཏམ་དག་ནི་ད་གཟོད་ཧར་ཆེན་ཏེ།།

དེ་ཡིས་མི་སེམས་མི་ཚད་དངུལ་སྒོར་འཕྲོག།


གླང་རྒན་གནམ་ལ་འཕུར་བ་མཐོང་ཚུལ་དང་།།

གཡུ་འབྲུག་ས་ལ་ལྷུང་བ་ཚོར་ཚུལ་སོགས།།

བྱིས་པའི་རུམ་གྱི་བུ་རམ་བསླུ་བྱེད་ལས།།

ཧར་གཏམ་མཚན་ཉིད་པ་ཞིག་ཡིན་སྟངས་མེད།།


ཟངས་མདོག་དཔལ་རིར་འཕུར་བའི་མཐོངས་མཆན་ཞིག།

ཌོ་ལོར་སྤྲད་ནས་ཉོ་རྒྱུ་ཡོད་རབས་ཏེ།།

ཞིང་ཁམས་ཟ་ཁང་གང་ཡིན་མི་ཤེས་པའི།།

ཧར་སྒྲུང་ཅན་རྣམས་ཧར་གྱི་དེད་དཔོན་ཡིན།།


རང་གི་ཁ་ཟས་བླ་མའི་དངོས་གྲུབ་དང།།

གཞན་གྱི་ཁ་ཟས་དཀོར་ནག་ཡིན་ཚུལ་གྱི།།

ཧར་གཏམ་ཧམ་གཏམ་ཅི་ཡང་འཆད་ནུས་པའི།།

དཔའ་བརྟུལ་དེ་ཚོ་ཧར་གྱི་དཔའ་བརྟུལ་ཡིན།།


དམ་ལྡན་སྐྱེས་བུ་ང་རང་ཡིན་དགོས་ཤིང་།།

མཁས་པའི་དབང་པོའང་ང་རང་ཡིན་དགོས་པ།།

ང་ཡི་སྡེ་ལས་ང་གཞན་མི་མཐོང་བའི།།

ང་དཔོན་དེ་ཚོ་ཧར་གྱི་ང་དཔོན་ཡིན།།


མཛངས་མི་ཟེར་ཡང་རང་ལས་གཞན་མེད་ལ།།

རང་རྣམ་ཡོད་ཚད་བྱས་རབས་འཇོན་རབས་ཀྱིས།།

རང་བསྟོད་རང་གིས་བྱེད་པའི་ཧར་གོང་དག།

ཧར་གནས་ལྔ་ལ་མཁས་པའི་པཎ་ཆེན་ཡིན།།


ཧར་གྱི་བསྟན་པ་དར་བའི་རྩེར་སོན་ཏེ།།

བླ་མས་ལྷ་ཆོས་མི་འཆད་ཧར་ཆོས་འཆད།།

སློབ་མས་དམ་ཆོས་མི་སྒྲུབ་ཧར་ཆོས་སྒྲུབ།།

བླ་སློབ་མཚན་ཉིད་ཧར་ཟུར་དགུ་ལྡན་ཡིན།།


ཧར་འདི་ཤེས་ན་ཅི་ཡང་བྱེད་ནུས་ཤིང་།།

ཧར་ལ་འཇོན་ན་ཀུན་ཀྱང་འཇོན་ངེས་པས།།

ཧར་གྱི་ཤེས་བྱ་སྦྱོང་སའི་འཇིག་རྟེན་ནས།།

ང་ཡང་ཧར་མཁས་ཞིག་ནི་ཡིན་པ་འདྲ།།


ཧར་གཏམ་རིག་པའི་ཕ་རོལ་ཕྱིན་པ་ཚོས།།

ཧར་བཀའ་སྣ་ཚོགས་ཕབ་ནས་མི་རྣམས་བཀོལ།།

ཧར་དང་ཧབ་དང་ཧམ་སོགས་མི་ཤེས་པའི།།

གཉོད་ཆུང་དག་ནི་མ་སྐུལ་བྲན་གཡོག་ཡིན།།


༢༠༡༣།༠༥།༡༠།

 

ཡོང་ཁུངས། ངོ་དེབ་ནང་གི་བོད་ཡིག་རིག་གནས་གླེང་སྟེགས་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།