རྩོམ་པ་པོ། འོད་ཟེར་དཀར་པོ།
དང་པོ།
མི་ཚེའི་གོ་རིམ་ཁྲོད་དུ་ང་ཚོས་ནུས་པ་ཅི་ལྕོགས་ཀྱིས་འབད་འབུང་ཆེར་བསྐྱེད་དོན། མ་འོངས་པར་རང་ཉིད་ཁྱད་ནུས་ལྡན་པའི་སྐྱས་བུ་ཞིག་བྱ་བའི་སླད་དུ་ཁོ་ན་ཡིན། ཤེས་རིག་འགྲན་རྩེད་ཀྱི་དུས་རབས་འདིར་ཅིས་ཀྱང་རང་ལམ་ཞིག་འཚོལ་བཏུབ་དགོས་པ་སྨོས་མེད་ཀྱི་སྐད་ཆ་ཞིག་རེད། རང་ཉིད་གང་ལ་འཇོན་ནུས་བདོག་པ་དེར་འབད་བརྩོན་གྱི་རྒྱུན་མ་ལྷོད་པར་འབྲས་རྟགས་ཤིག་གྲུབ་ན། རང་ཉིད་གང་དུ་གནས་པའི་ཁོར་ཡུག་དེར་གོ་ཆོད་པ་ཡིན་ལ་དྲིན་བཟོས་པའང་ཡིན། བྱ་བ་ལ་བཟང་ངན་དང་གྲུབ་འབྲས་ལ་མཆོག་དམན་ཡོད་མོད། ང་ཚོས་རེ་བ་ཆེ་ས་ནས་བཟུང་སྟེ་བྱ་བ་ཆུང་ས་ནས་སྒྲུབ་བཞིན། སྔར་གྱི་རང་ཉིད་ལས་ཡར་རྒྱས་གཏོང་བའི་ཕྱོགས་སུ་འབད་ན། ང་ཚོ་གཞོན་སྐྱེས་དག་ལ་རེ་བ་ཡོད་པ་དང་ཡར་རྒྱས་བདོག་པ་ནི་བཤད་པ་ཙམ་མ་ཡིན་པར་ཆོས་ཉིད་ཀྱིས་ཐག་བཅད་པ་ཞིག་རེད་དོ།།
གཉིས་པ།
ང་ཚོས་རང་ཉིད་ཀྱིས་གཉེར་བའི་ལས་དཀའ་ལ་སུས་ཀྱང་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཐུབ།
སྐབས་རེར་མཁྲེགས་འཛིན་གྱི་ལྟ་བས་བསླུས་ཏེ་གཞན་གྱི་ཡོན་ཏན་དང་ལེན་མེད་པའི་ཁར། མཐོང་ཆུང་གི་མིག་གིས་ལྟ་བ། ཁྱད་གསོད་ཀྱི་སྐད་ཆ་མོལ་བ་ནི། ཡར་རྒྱས་འགྲོ་བའི་བགེགས་ཉིད་ཡིན་གཤིས། ང་ཚོས་ཡོན་ཏན་གྱི་ཧེ་བག་ལ་མི་ལྟ་བར།
ཕན་ཚུན་དབར་དུ་འདྲ་མཉམ་གྱི་ཁ་བརྡ་ཡོད་པ་དང་། བརྩི་བཀུར་གྱི་གཤིས་སྤྱོད་ཡོད་པ་ནི། མི་ཞིག་གི་གཞི་རྩའི་འགྲོ་སྟངས་ཡིན་པས།
དེ་རང་ཉིད་ལ་ཆགས་ཐུབ་པ་བྱེད་དགོས། ཉན་རེས་བཤད་རེས་དང་བསམ་ཚུལ་སྣ་མང་གི་ལྟ་བ་མཉམ་གནས་ཤིག་ཡོད་ན།
ང་ཚོའི་མདུན་ལམ་གྱི་ལམ་ཁ་ཇེ་ཡངས་སུ་འགྲོ་བ་ལས། ལྟ་ཚུལ་གཅིག་པུ་ཅན་དང་། སྒེར་སེམས་ཆེ་བ། བཀོལ་ཤེས་མ་གཏོགས་སྐྱོང་ཤེས་མེད་པ།
རང་ཁེ་རང་རྒྱལ་གྱི་ལྟ་བས་བཟི་དྲགས་ན་སྔར་འགྲོགས་ཀྱི་འབྲེལ་བ་ཇེ་ལྷོད་དང་། ཨ་གསར་གྱི་རྔ་མ་ཇེ་ཐུང་དུ་འགྲོ་བ་གདོན་མི་ཟ་ལ།
ཡར་རྒྱས་དང་མདུན་ལམ་ཟེར་བ་ཡང་དེ་ཙམ་ཡིན། དེའི་ཕྱིར་ཀུན་དང་མཐུན་པའི་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་ཡོད་ན་ཡག་པ་ལས།
རང་ལྟ་མཆོག་ཏུ་གཅེས་པ་ནི་མཐར་རང་ཉིད་ལ་ཤིན་ཏུ་གནོད་པའི་འགད་རྫས་ཤིག་འཁྲིས་སུ་བཟུང་བ་དང་ཕྱོགས་ཀུན་ནས་མཚུངས་སོ།།
གསུམ་པ།
མི་ཆེ་ཆུང་སུ་ཡིན་ཡང་ནུས་པ་འཇོན་ཚོད་ཀྱིས་རང་གི་ཁོར་ཡུག་ལ་ཕན་པའི་བྱ་བ་ཞིག་བསྒྲུབས་ན། དེ་ལ་སྒེར་གྱི་འབྲེལ་བ་བཟང་ངན་ཙམ་གྱི་རྗེས་སུ་མ་འབྲངས་པར།
ཕན་ཚུན་རོགས་རམ་དང་། ལེགས་པའི་ཆ་ལེན་རེས་བྱེད་པ། དེར་རྒྱབ་སྐྱོར་དང་བསྟོད་འོས་ཀྱི་སྐད་ཆ་བསྙད་ན། རིམ་པས་མཐུན་སྒྲིལ་དང་ཡར་རྒྱས་ཡོང་བ་མ་ཟད།
ཐ་ན་རང་གི་ནང་སེམས་སུའང་ཞི་ལྷོད་བགས་ཡངས་ཀྱི་བདེ་བ་ཞིག་ངང་གིས་སྐྱས་འོང་ངོ་། །དེ་ལས་ལྡོག་སྟེ་རང་རང་གིས་རང་ཉིད་ཁོ་ན་ཡོན་ཏན་གྱི་གོང་བུར་བསམས་ཏེ།
འདྲ་མཉམ་གྱི་ལྟ་བ་མེད་པ་དང་གཞན་གྱི་ཡོན་ཏན་ཁས་ལེན་པའི་སྙིང་སྟོབས་མེད་པར།
འཕྲལ་དུ་འབུར་འཇོམས་བྱེད་པ་དེས་མི་སོ་སོའི་འཇོན་ནུས་མང་པོ་ཞིག་གི་སྒོ་བཅད་ཡོད་ལ།
དོན་གྱིས་ཚོགས་སྤྱི་ལ་གནོད་པའི་ཆ་མང་བོ་ཞིག་ཀྱང་དེ་གར་གནས་ཡོད།
དེའི་ཕྱིར་ང་ཚོས་མི་ཆེ་ཆུང་དང་རྒྱུ་ནོར་དབང་ཐང་ཡོད་མེད་ལ་མ་ལྟོས་པར་ཐམས་ཅད་ཀྱི་འཇོན་ནུས་ལ་བརྩི་བཀུར་དང་ཁོར་ཡུག་སྤྲད་དགོས།
བཞི་བ།
ང་ཚོས་རང་ཉིད་ཀྱི་ཚོར་བ་ཙམ་དང་། རང་གི་འདུན་པ་དང་རྗེས་སུ་མ་མཐུན་ན། གཞན་གྱི་གཤིས་སྤྱོད་ངན་དུ་བརྩིས་ཏེ། བཟང་ངན་གྱི་དབྱེ་བ་དགར་དྲགས་ན། དེ་ནི་རང་ཉིད་ཀྱི་མཚང་དུ་འགྲོ་བའི་ཉེ་རྒྱུ་ཁོ་ནར་ཡིན་གཤིས། དེ་ལས་རང་གི་བགོ་སྐལ་གྱི་བགྱི་བར་འབད་དེ་གྲུབ་འབྲས་ཤིག་མཆིས་ན།
སོ་སོའི་མི་ཚེ་དོན་ལྡན་དུ་གྱུར་བ་རེད་ཅེས་བསྙད་ཆོག་སྙམ།
རབ་བྱུང་བའི་སྡེ་ཞིག་ལ་མཚོན་ན།
དགེ་འདུན་པ་ཞེས་པའི་ཐ་སྙད་ཡིད་དུ་འོང་བ་དེ་ཁོ་ནར་གཞིགས་ནའང་།
ཕན་ཚུན་བར་ལ་གོང་བཀུར་ཡོད་པ། འཚོ་བར་ལྷོད་ཆ་ལྡན་པ། སྒམ་དཀྱེལ་གྱི་བསམ་བློ་བདོག་པ།
ཀུན་སྤྱོད་གཞན་གྱི་ཡིད་དུ་འཐད་པ་ཞིག་མི་སྒེར་སྟེང་ནས་འབད་ཐུབ་བྱུང་ན།
ཟུར་ཐམས་ཅད་ནས་འཐུས་ཚང་བའི་འཚེ་མེད་ཞི་བདེའི་ཚོགས་སྤྱི་ཞིག་ཀྱང་གྲུབ་པ་རེད་སྙམ་ཡོད།
ཡོང་ཁུངས། ལུག་ཚང་དཔལ་ཡོན་སྤྱི་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།