རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 21 July 2020

དོལ་སྨྱོན་ལགས་ཀྱི་སྙན་ངག་ཚན་པ་གསུམ།

1. ཁུ་ནག་འཐུང་ཞོར།

 

ང་རང་རླུང་བུ་ལ་ཕྲག་དོག་ལངས་པར་གྱུར།

རླུང་བུས་ཁྱེད་ཀྱི་སྐྲ་ལོ་བྱུང་རྒྱལ་དུ་གཡུགས་པར་བྱེད།

ང་རང་སྦྲང་མ་ལ་ཁོང་ཁྲོ་ལངས་པར་གྱུར།

སྦྲང་མས་ཁྱེད་རང་སུན་པོ་བཟོས་པ་ལན་ཅིག་མིན།

སྐབས་འདིར།

ངས་ཉི་འོད་ཁོ་ན་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་འོས་ཏེ།

ཉི་འོད་ཀྱིས་ཁྱེད་ཀྱི་མཁུར་ཚོས་ལ་དམར་མདོག་གིས་བརྒྱན་པར་བྱས་པས་སོ།།

ཁོར་ཡུག་འདི་ཧ་ཅང་འུར་སྒྲ་ཅན་ཞིག་ཡིན་ནའང་།

ང་རང་། དེ་ལ་དོ་སྣང་བྱེད་ཁོམ་གཏན་ནས་མེད།

དུས་ཚོད་འདི་ཐུང་ཐུང་ཞིག་ལས་མེད་ནའང་།

ཧ་ཅང་རྩ་ཆེན་པོའི་སྒོ་ནས་ལོངས་སུ་སྤྱོད་པར་འགྱུར།

ཉི་མ་ནི་ནུབ་རིར་ཕྱོགས་པར་བྱེད་ལ།

མི་ཚོགས་དག་ཀྱང་རང་སར་ལོག་པར་འགྱུར།

ང་རང་ཅི་ཞིག་བོར་སོང་བ་ལྟར།

འབབ་ཚུགས་དེ་ན་ད་དུང་ཁུ་སིམ་མེར་ལྷག་འདུག་ཨང་།

༡༢།༠༧།༢༠༢༠།


___________________

2. ཡུལ་དུས་ལ་སྦྱར་བའི་སྐད་ཅ།


ནད་འབུ།”

མི་དག་འཆོལ་བར་གྱུར་པ་ནས།

འཇིག་རྟེན་འདིར་སྐབས་དང་མཚམས་སུ།

ནད་འབུ་སྣ་ཚོགས་རེས་མོས་སུ་འབྱུང་བར་གྱུར།

ནད་འབུ་དག་གཅིག་རྗེས་གཉིས་མཐུད་དུ་སླེབས་ནས་ཕྱིན་ཟིན་ནའང་།

ཁྱོད་ད་དུང་མི་ཡོང་བ་ཅི་ཞིག་ཡིན་ནམ།

བར་ཐག”

འགྲུལ་བཞུད་ཀྱི་ལམ་ནས་བར་ཐག་འཇོག་པ་ནི།

དེ་ཙམ་དཀའ་ལས་མ་ཡིན་གྱི།

སེམས་དང་སེམས་ལ་བར་ཐག་འཇོག་པ་ནི།

དངོས་གནས་དཀའ་ལས་ཁག་པོ་རེད་ཨང་།

ཁ་རས།”

སེམས་ནང་གི་སྐད་ཅ་ཚིག་གསུམ་དེ།

བློ་སྟོབས་ཆེན་པོས་ཁྱོད་ལ་ཞུ་བར་འདོད་མོད།

འོན་ཀྱང་ཁྱོད་ཀྱི་གམ་ན་སླེབས་དུས།

ཁ་ལ་ཁ་འཐུམ་བརྒྱབ་པ་ནང་བཞིན།

སྨྲ་བ་འཁྲོལ་རྒྱུ་ནི་ཅི་འདྲའི་དཀའ་བ་ལ་ཨང་།

སྨན་ཆུ།”

སྨན་ཆུས་ལག་པ་ཙམ་གཙང་མ་བཟོ་ངེས་ན།

སྐྱོ་གདུང་གིས་མནར་བའི་སེམས་པ་འདི།

སུ་ཞིག་གིས་གཙང་བར་བྱེད་ཨང་།

ལག་པ་ནི་ཆུ་ལ་བཀྲུས་ནའང་ཆོག་མོད།

འོན་ཀྱང་སེམས་པ་འདི་ཆུ་ཡིས་བཀྲུས་ན་འགྲིག་གམ།

༡༥།༠༧།༢༠༢༠།


___________________

3. སྐོར་བྲོ་ཞིག་ལ་བལྟས་རྗེས།


ཟོམ་པ་ཡུ་རིང་མས་ས་གཞི་བརྡུང་བའི།

ཕུ་དུང་དཀར་ཕྲ་མས་སྤྲིན་པ་འཕྱག་པའི།

ནམ་མཁར་འཕུར་ལ་ཁད་པའི།

ས་གཞིར་འབྱར་ལ་ཁད་པའི།

ཕོད་ཀ་དམར་སིང་སིང་གི་བདག་པོ།

ལན་བུ་ནག་ཤིག་ཤིག་གི་བདག་མོ།

རླུང་གི་རྒྱུ་ཕྱོགས་ལ་འཁན་པའི།

སྤྲིན་པའི་ལྡིང་ཕྱོགས་ལ་སྙེག་པའི།

གདངས་ཀྱི་རྩེ་ནས་འགུལ་བའི།

གར་གྱི་གསེབ་ནས་འཕགས་པའི།

ཕྱག་རྒྱ་ལྡེམ་ལྡེམ་གྱི་བདག་པོ།

བྲོ་ར་འཁྲིགས་འཁྲིགས་ཀྱི་བདག་མོ།

ནམ་མཁའི་སྤྲིན་པ་ལ་བྱིལ་བྱིལ་བྱེད་མཁན།

ས་གཞིའི་མེ་ཏོག་ལ་ལག་འཇུ་གནང་མཁན།

རོལ་དབྱངས་ཀྱི་རྩེ་ནས་འཕུར་བའི།

བྲོ་ར་ཡི་གཏིང་ནས་འཕྱོ་བའི།

ཕ་ས་ཕ་ཡུལ་གྱི་བདག་པོ།

རི་ཆུ་ནགས་གསུམ་གྱི་བདག་པོ།

གླུ་དང་གར་གྱི་བདག་པོ།

༡༨།༠༧།༢༠༢༠།


 ཡོངས་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།