རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 13 July 2020

གནམ་ས་འབྱར་བའི་རེ་བ།

རྩོམ་པ་པོ། དོལ་པོ་པ་སྐུ་བ་པདྨ་རྒྱལ་མཚན།

ཇི་ཙམ་བལྟས་ཀྱང་ངོམ་མེད་འཛུམས་མདངས་དེས།།

སྙིང་འདི་བཤགས་པའི་ཚད་གཅིག་མི་འདུག་སྟེ།།

ད་དུང་སེམས་འདི་ཉེ་སར་བཅར་རྐྱང་བྱེད།།

ང་ལ་བསམས་ན་རེ་བ་ཡོད་དམ་ཅི།།


ཁྱོད་ནི་འདབ་རྒྱ་བཞད་པའི་མེ་ཏོག་ཅིག།

ང་ནི་གཤོག་པ་མེད་པའི་གསེར་སྦྲང་སྟེ།།

རྩི་བཅུད་མྱོང་བའི་ལང་ཚོས་སྟོངས་པ་འདི།།

ང་ལ་བསམས་ན་རེ་བ་སྟོང་བསམ་རེད།།


ཁྱོད་ནི་གནམ་འཕང་གཅོད་པའི་བྱ་རྒྱལ་ཏེ།།

ང་ནི་ས་ལ་རྒྱུ་བའི་རུས་སྦལ་ཞིག།

གནམ་འཕང་གཅོད་པའི་གཤོག་རྩལ་མེད་པ་འདི།།

རྗེས་སྙོགས་བསམ་པའི་རེ་བ་སྟོང་བསམ་རེད།།


ཁྱོད་ནི་ཞལ་ཡས་ཁང་གི་ལྷ་མོ་སྟེ།།

ང་ནི་མི་ཡུལ་འཁྱམས་པའི་སྤྲང་ལྡོམ་ཞིག།

ཡིད་འོང་ལྷའི་བུ་མང་པོ་མཐའ་བསྐོར་འདི།།

ང་ལ་བསམས་ན་རེ་བ་སྟོང་བསམ་རེད།།


མ་བཅོས་སེམས་ཀྱི་རང་བཞིན་མངོན་སྟངས་དང་།།

ཡིད་ལ་མཛའ་བའི་ལུས་ངག་རྣམ་འགྱུར་དང་།།

བཞིན་གྱི་མཛུམས་མདངས་སྤྲོ་བ་ཁོལ་བ་ཡིས།།

བདག་གི་སེམས་ཀྱི་བརྟན་པ་དབང་མེད་འཕྲོགས།།

 

ཡོངས་ཁུངས། ངེད་དྲྭ་བ།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།