རྩོམ་པ་པོ། ལྷ་རྩེ་དབོན་སྤྲུལ་པདྨ་རིག་འཛིན།
དང་པོ་ང་ཚོའི་དམིགས་འདུན་ནི། དུས་རབས་ཉེར་གཅིག་པའི་སྐབས་འདིར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འགྲོ་བ་མིའི་རིགས་རྣམས་ཤེས་ཡོན་ཅན་ཤ་སྟག་ཏུ་འགྱུར་བཞིན་པའི་དུས་འདིར། རང་བྱུང་ཁམས་ཀྱི་སྤྱི་ཚོགས། ཚང་ལས། དངོས་རྫས། དཔལ་འབྱོར། ལོ་རྒྱུས། རིག་གཞུང་། ཆོས་ལུགས། འགྲིམ་འགྲུལ། བསམ་བློ་སོགས་ཕྱི་ནང་གི་ཆོས་རྣམས་སྡེ་ཚན་སོ་སོར་དབྱེ་ཞིབ་བྱེད་ནས། ཚན་རིག་རང་བཞིན་ཅན་གྱི་དུས་རབས་ཞིག་ཏུ་འགྱུར་བཞིན་ཡོད་པར་བསྟེན། རང་རེ་ཁ་བ་གངས་ཅན་པ་རྣམས་ལ་ཆོས་དང་རིག་གཞུང་གང་གི་ཐད་ནས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་བ་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས། འཇིག་རྟེན་འདིར་ཕེབས་པའི་ཚུལ་ལ་ཐུན་མིན་ནང་གི་སྣང་ཚུལ་དུ་བྱས་པའི་བརྫུས་སྐྱེས་ཀྱི་རྣམ་ཐར་དང་། ཐུན་མོངས་ཕྱིའི་སྣང་ཚུལ་དུ་བྱས་པའི་མངལ་སྐྱེས་ཀྱི་རྣམ་ཐར་གཉིས་སུ་གསུངས་ཡོད་པ་ལས། སྐབས་འདིར་མངལ་སྐྱེས་རྩལ་འདོན་བྱས་ནས་བཤད་པ་ཡིན།
དེ་ལྟར་བཤད་པའི་དགོས་པ་ནི།
གོང་དུ་བཤད་པ་བཞིན་ཚན་རིག་པ་རྣམས་ལ་མིག་མཐོང་ལག་ཟིན་གྱི་སྒོ་ནས་ར་སྤྲོད་ཐུབ་པ་དང་།
མ་འོངས་པ་ན་ཚན་རིག་ཡར་རྒྱས་འགྲོ་བཞིན་པར་བསྟེན།
རྟོགས་གེ་བའི་གང་ཟག་མང་ནས་མང་དུ་འགྱུར་བཞིན་ཡོད་པས། དེ་རྣམས་ལ་ཚེ་གཅིག་གིས་བསྡུས་པའི་གུ་རུ་པདྨའི་རྣམ་ཐར་མངལ་སྐྱེ་ལྟར་དུ་བཤད་པ་ཡིན་ན།
སྟབས་བདེ་བའི་སྒོ་ནས་གང་གི་རྣམ་ཐར་ལ་ངེས་ཤེས་འདྲོང་ཐུབ་པ་མ་ཟད། རབ་བཏགས་ཀྱི་རྟོགས་བརྗོད་ཙམ་མ་ཡིན་པར་ལོ་རྒྱུས་རིག་པའི་ཁྲོད་དུ་དངོས་ཡོད་ཀྱི་རྣམ་ཐར་ལྟར་འཛུད་ཐུབ་པ་དང་། མ་འོངས་པ་ན་འཛམ་གླིང་ལོ་རྒྱུས་ཁྲོད་དུ་དངོས་ཡོད་ཀྱི་རྣམ་ཐར་རིག་པའི་སྒོ་ནས་གཏན་འབེབས་གྱིས་གནས་ཐུབ་པ་སོགས་ཀྱི་དགོས་པ་ཡོད་དོ།།
དེས་ན་དག་སྣང་རང་ལམ་པ་འགའ་ཞིག་གིས་གུ་རུ་རིན་པོ་ཆེ་མངལ་སྐྱེས་ཡིན་ན།
གང་ཟག་རང་མཚན་པ་ཞིག་ཏུ་གྱུར་འགྲོ་བས་མི་རིག་སྙམ་ན། དེ་ནི་མ་ཡིན་ཏེ། བཀའ་ཐང་ཤེལ་བྲག་མ་ལས།
བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང་༔ སྣ་ཚོགས་ཐབས་ཀྱིས་སེམས་ཅན་བདེ་ལ་བཀོད༔
གདུལ་བྱས་བསམ་པ་ཡོངས་སུ་རྫོགས་མཛད་པས༔ སྐྱེ་འཆི་མི་མངའ་རྡོ་རྗེ་སྐུ་ལ་འདུད༔
ཞེས་པ་དང་། རིན་ཆེན་སྤུངས་བའི་རྒྱུད་ལས། རང་གི་རང་བྱུང་རང་ཤར་བས། །ཆོས་ཉིད་སྟོང་པའི་རང་སྒྲར་ནི།
།ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་སོགས་ཀྱིས།
སངས་རྒྱས་རྣམས་ཀྱིས་གཞན་དོན་ནི་དབྱིངས་ལས་མ་གཡོས་བཞིན་དུ་ངང་གིས་འབྱུང་བ་ནི་ཆུ་ཟླ་བཞིན་འབྱུང་བར་གསུངས་བ་ཡིན་ལ།
ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་སྣང་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས།
།ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང༌། །ཟླ་བ་གཉིས་སུ་གྱུར་པ་མེད།
།དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཞིང་རྣམས་ཀུན་ན་སྣང་གྱུར་ཀྱང༌། །འཕོས་པ་མ་ཡིན་འོངས་པ་མིན།
།ཞེས་པ་དང༌། མངོན་རྟོགས་རྒྱན་ལས། དེ་བཞིན་སྲིད་པ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད།
།ཅེས་སོགས་གསུངས་པ་བཞིན། །གུ་རུ་པདྨ་འབྱུང་གནས་ནི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས་སངས་རྒྱས་ཀྱི་སྐུ་གསུམ་དུ་ལོངས་པ་སྟེ།
ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་ཀུན་འབྱུང་དུ་སྣང་བ་ཡིན་ལ།
།དེ་ཡང་མི་གཡོ་སྤྲོས་པ་དང་བྲལ་བ་ཆོས་སྐུའི་གདེང་ཚད། རང་གསལ་མཚན་དཔེ་རྫོགས་པ་ལོངས་སྐུའི་གདེང་ཚད།
དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་སྤྲུལ་སྐུའི་གདེང་ཚད་དེ། རྣམ་པར་མི་རྟོག་ལ་དོན་ཀུན་རྫོགས་པ་ནི་འཕོ་འགྱུར་མེད་པ་ཆོས་སྐུའི་དབྱིངས་ན་རྟག་པར་ལྷུན་གྱིས་གྲུབ་པར་བཞུགས་པ་ཡིན་ལ།
ཐལ་འགྱུར་ལས། མི་གཡོ་བ་དང་གསལ་བ་དང༌། །རིག་ཅིང་མཁྱེན་པའི་ཆར་སྣང་དང༌།
།མཉམ་དང་ཕྱོགས་རིས་མི་འབྱེད་པའོ། །ཞེས་པ་དང༌། འཇུག་པ་ལས་ཀྱང༌།
ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་བརྟག
།འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན།
།ཞེས་གསུངས་པ་བཞིན་སྤྱིར་སྐུ་གསུམ་དུ་སྣང་བ་དང༌། རྣམ་པར་འཕྲུལ་པའི་རང་བཞིན་བྱེ་བྲག་ཏུ་སྣང་བ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་།།
དང་པོ་སྐུ་གསུམ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྔར་དབྱེ་བས་ཆོས་ཀྱི་རྣམ་གྲངས་བཅོ་ལྔར་ངེས་པ་ནི།
ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང༌། །ཐུགས་དང་ཡོན་ཏན་འཕྲིན་ལས་སོ།
།སྐུ་ནི་སྟོང་དང་གསལ་བ་དང༌། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས།
།བརྗོད་ཅིང་གླེང་པ་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས།
།འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང༌།
།རང་བཞིན་བཅོས་པ་མེད་པའོ། །འཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་བྱུང་བ་དང་འགག་པ་མེད།
།མ་བྱས་བྱེད་པ་མེད་པའོ། །ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ལྔ་ཡིན་ནོ།
།སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང༌།
།སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང༌། །མཁྱེན་པའི་རྩལ་དང་དགོངས་པའོ།
།ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས།
།ཕྱི་ནང་གསང་བ་རྣམས་འཕྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌།
།རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས།
།ཡོན་ཏན་ཕྲིན་ལས་ལྔ་ལའོ། །སྐུ་ནི་མཚན་དང་དཔེ་བྱེད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་པ།
།གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས།
།རང་གཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང༌། །ཕྲིན་ལས་ཕྱི་ནང་གསང་བ་ཡི།
།མཛད་པ་མ་ལུས་རྫོགས་པ་དང༌། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་གསུངས་པ་སོགས་ཀྱིས་ཆོས་ལོངས་སྤྲུལ་གསུམ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ལྔ་ལྔར་དབྱེ་ནས་ཡོན་ཏན་བཅོ་ལྔར་གསུངས་སོ།།
གཉིས་པ་རྣམ་པར་འཕྲུལ་པའི་རང་བཞིན་བྱེ་བྲག་ཏུ་དབྱེ་བ་ལ་ཡང་སྐུ་གསུམ་གྱི་རིམ་པ་ལས།
དང་པོ་ཆོས་སྐུའི་ཆོས་སྐུ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ།
གནས་བསམ་ངོ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ།
འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུའང་འགྱུར་བ་མེད་པའི་ཆོས་ཉིད་དོ།
།ཆོས་སྐུའི་ལོངས་སྐུ་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ།གནས་དྲན་པ་ཡིད་ཀྱི་རྟོག་པ་ཆོད་པ།
ཏིང་ངེ་འཛིན་སེམས་དང་སེམས་བྱུང་དབྱིངས་སུ་དག་པ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ།
དུས་བཏགས་པ་མ་ཡིན་པའོ། །ཆོས་སྐུའི་སྤྲུལ་སྐུ་ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ།
ཏིང་ངེ་འཛིན་འགག་མེད་ཆེན་པོར་རང་གསལ་བ།
འཁོར་རིས་མེད་ཀྱི་སངས་རྒྱས་དང་ཡེ་ཤེས་རྒྱ་མཚོའི་ཚོགས། །བསྟན་པ་རང་བཞིན་མ་བཅོས་པ།
།དུས་སྙིང་པོ་མངོན་པར་བྱང་ཆུབ་ཏུ་རང་སྣང་བའོ།།
གཉིས་པ་ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གང་ཆེན་མཚོ་དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ།ནང་ནས་བལྟས་ན་ཕྱི་གསལ་བ།
སྐུ་མདུན་དང་རྒྱབ་ཏུ་དབྱེ་བ་མེད་པ། ཞལ་ཕྱོགས་བཅུ་ཀུན་ཏུ་ཟང་ཐལ་ལེ་བའོ། །དེའི་ཞིང་ཁམས་ལག་པའི་མཐིལ་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་གཅིག་ལ་མངའ་མཛད།
གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང༌།
དུས་རྟོགས་པ་མངོན་དུ་གྱུར་པའོ། །ལོངས་སྐུའི་ལོངས་སྐུ་རིགས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ།
དེའི་མཚན་ཉིད་ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་པ། ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ།
གནས་འོག་མིན། འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ།
དུས་སྣང་བ་འདུ་བ་མཆེད་པའོ།
།ལོངས་སྐུའི་སྤྲུལ་སྐུ་ནི་རིགས་ལྔའི་སངས་རྒྱས་དང་སོ་སོའི་གཙོ་འཁོར་རོ། །དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པའོ།
།དེའི་ཞིང་ཁམས་ན་ལྷ་དང་ལྷ་མོ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་དོ། །གནས་ལྕང་ལོ་ཅན་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ།
འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །དུས་རིག་པ་རང་སྣང་གི་དུས་སོ།།
གསུམ་པ་སྤྲུལ་སྐུའི་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོ།
དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ།
དེའི་ཞིང་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱས་བསྐོར་བ་ཚངས་ཆེན་གྱི་ཞིང་ཁམས།
དེའི་གནས་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ།
བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར།
དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་སྐུའི་ལོངས་སྐུ་དཔལ་རྡོ་རྗེ་སེམས་དཔའ།
དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། གནས་གདུལ་བྱ་ངོ་དང་སྦྱར་བ།
འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ།
།སྤྲུལ་སྐུའི་སྤྲུལ་སྐུ་པདྨ་འབྱུང་གནས་དེའི་མཚན་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལ་སོགས་པ།
བློན་པོའི་བཀའ་ཐང་དུ་གསུངས་བ་བཞིན་མཛད་པ་བཅུ་གཅིག་ལ་ལོངས་སྤྱོད་པའོ། །ཞིང་ཁམས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཆེན་པོ་གཅིག་ལ་མངའ་མཛད་པ།
།གནས་ཨོ་རྒྱན་ཡུལ་དང་ཟ་ཧོར་ཡུལ་བོད་ཡུལ་ལ་སོགས་པ། འཁོར་ཐུན་མོང་བ་བྱང་ཆུབ་སེམས་དཔའི་ཚོགས་དང་།
ཐུན་མོང་མ་ཡིན་པ་རིག་འཛིན་གྲུབ་ཐོབ་ཕོ་མོ་གྲངས་མེད་བརྗོད་ཀྱིས་མི་ལང་བ།
སྣ་ཚོགས་ངེས་པ་མེད་པའི་འཁོར་ལྷ་དང་མི་དང་ལྷ་མ་ཡིན་གྱི་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་དཔག་ཏུ་མེད་པ།
བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་དང་། ཁྱད་པར་དུ་རྒྱུ་འབྲས་ལས་འདས་པའི་ཐེག་པའི་རྣམ་གྲངས་སྣ་ཚོགས།
དུས་ངེས་པ་ཆེན་པོ་རྣམ་པར་གཅོད་པ་སྟེ་གདུལ་བྱ་སོ་སོ་ལ་ཕན་པར་མཛད་པའི་དུས་སོགས་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་པ་སོགས།
ཡོན་ཏན་གྱི་མཐའ་ནི་འཛད་དུ་མེད་པ་ཡིན་ནོ།།
དེས་ན་ཆོས་ཀྱི་སྐུ་ལས་མ་གཡོས་པར་ནུབ་ཕྱོགས་བདེ་བ་ཅན། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འཕོ་བ་དང་། ནུབ་ཕྱོགས་ཨོ་རྒྱན་ཡུལ་སཾ་བྷོ་ལ་རྒྱལ་པོ་ཨིནྡྲ་བོ་དྷི་དང་རིགས་རུས་གཅིག་པའི་ཆོས་བློན་ཀྲྀཥྞ་འཛིན་གྱི་སྲས། མང་པོས་བཀུར་བའི་རྒྱལ་པོ་ལྟར་རིགས་ཕུན་སུམ་ཚོགས་པ་དང་། ཡུམ་ཛ་ལེནྡྲའི་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་སོགས་མཛད་པ་བཅུ་གཅིག་གི་ཚུལ་དུ་ཕེབས་པའི་བདག་ཉིད་ཅན་དེ་ཉིད་ཀྱི་སྐུའི་བཀོད་པ་ནི། དཔེར་ན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་བྱོན་པའི་རྣམ་ཐར་ལ་ཐེག་པ་ཆེ་ཆུང་གིས་འདོད་ཚུལ་མི་འདྲ་བ་ཡོད་པ་བཞིན། འདིར་སློབ་དཔོན་པདྨའི་རྣམ་ཐར་མངལ་སྐྱེ་ལ་ཡང་ཐེག་པ་ཆེན་པོའི་འདོད་ཚུལ་ཐུན་མིན་ལྟར་འཇོག་ཆོག་པ་ནི། སངས་རྒྱས་འོད་དཔག་མེད་ཆོས་ཀྱི་སྐུ་ལས་མ་གཡོས་པར་དཔལ་ཨོ་ཌཱི་ཡཱ་ནའི་གནས་སུ་འཕོ་པ་དང་ལྷུམས་སུ་ཞུགས་པ། བོད་ཡུལ་དུ་ཕེབས་ནས་ཕྱིར་འགྲོ་ལྡིང་གི་ཡུལ་དང་། སྐུ་ལུས་མ་སྤང་བར་ལྷོ་ནུབ་རྔ་ཡབ་གླིང་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཞིང་ཁམས་སུ་ཕེབས་པའི་བར་གྱི་མཛད་པ་ཐམས་ཅད་ནི། ཟག་མེད་ཀྱི་སྐུ་ཅན་ཁོ་ནའི་མཛད་པར་འདོད་པ་ཡིན་ལ། གསེར་འོད་དམ་པའི་མདོའི་ལེའུ་གཉིས་པ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་ལས། སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །དེ་བཞིན་གཤེགས་རྣམས་མཚུངས་པ་མེད། །སངས་རྒྱས་ཐམས་ཅད་རྟག་ཏུ་ཞི། །སངས་རྒྱས་ཐམས་ཅད་ཡང་དག་བྱུང་། །སངས་རྒྱས་ཐམས་ཅད་ཁ་དོག་མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །བཅོམ་ལྡན་འདས་ནི་བཅོས་མ་མིན། །དེ་བཞིན་གཤེགས་པ་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་སྲ་བའི་སྐུ། །སྤྲུལ་པའི་སྐུ་ནི་སྟོན་པར་མཛད། །དྲང་སྲོང་ཆེན་པོའི་རིང་བསྲེལ་ནི། །ཡུངས་འབྲུ་ཙམ་ཞེས་བྱ་བ་མེད། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །ཆོས་སྟོན་མཛད་པ་ཅི་འདྲ་བ། །བཅོམ་ལྡན་འདས་ཀྱི་སྐུ་དེ་འདྲ། །ཞེས་ཐེག་པ་ཐུན་མོངས་བ་ལྟར་ན་བདག་ཅག་གི་སྟོན་པ་བྱང་ཆུབ་ཤིང་དྲུང་དུ་གསར་དུ་སངས་རྒྱས་པར་འདོད་པས། གཞོན་ནུ་དོན་གྲུབ་ཀྱི་སྐུ་ལུས་དེ་ཉིད་སྡུག་བདེན་གྱི་ཕུང་པོ་ཡིན་པར་འདོད་པ་དང་། གདུལ་བྱ་རྣམས་ལ་ཐབས་ཀྱིས་རིང་བསྲེལ་སོགས་བཞག་ནས་ལྷག་མེད་དུ་མྱ་ངན་ལས་འདའ་བར་གསུངས་པ་དང་། ཐེག་ཆེན་མཚན་ཉིད་ཐེག་པ་བ་རྣམས་ཀྱི་འདོད་པ་ལྟར་ན། ལང་ཀར་གཤེགས་པའི་མདོ་ལས། འདོད་པའི་ཁམས་དང་གཟུགས་མེད་ན། །སངས་རྒྱས་རྣམ་པས་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱ་འོ། །ཞེས་པའི་ལུང་ལ་བསྟེན་ནས་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེ་གདན་དུ་གསར་དུ་འཚང་རྒྱ་བར་མི་འདོད་ལ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང༌། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདའ་བ་རྟག་སྟོན་པ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལྟར་མཛད་པ་ཐམས་ཅད་ཟག་མེད་ཀྱི་ལུས་རྟེན་ཅན་སངས་རྒྱས་ཁོ་ནས་མཛད་པར་ཁས་ལེན་དགོས་པ་ཡིན་ནོ།།
ཐེག་ཆེན་ཐུན་མོངས་མ་ཡིན་པ་རྒྱུ་འབྲས་ལས་འདས་པའི་ཐེག་པའི་སྐབས་སུ་ནི། དེ་ལས་ཀྱང་ཟབ་པའི་དགོངས་པ་རུ་བཀྲལ་ཡོད་པ་ཡིན་ལ། ཐལ་འགྱུར་ལས། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱི་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་གསུངས་བ་བཞིན། །ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་ནི་ཤེལ་གོང་རང་སོར་གནས་པ་ལྟར་སྟོང་གསལ་འཆར་གཞིའི་ཆར་གནས་ལ། དེའི་ངང་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་དང་ཀུན་ཁྱབ་ཀྱི་ཡེ་ཤེས་གཉིས་འཆར་བྱེད་ཀྱི་ཆ་ཙམ་ལས་དངོས་སུ་གསལ་བ་མེད་དོ། །མཚན་ཉིད་འཛིན་པའི་དུས་ན་གཞི་གནས་ཀྱི་ཡེ་ཤེས་འཆར་གཞི་ལ་ཚང་ཚུལ་ཙམ་དང༌། ཀུན་ཁྱབ་ཀྱི་ཡེ་ཤེས་ལྟར་འཕྲོ་བས་དངོས་སུ་མེད་ལ།རང་ངོ་མཚན་ཉིད་འཛིན་པའི་ཡེ་ཤེས་ལས་འོད་ལྔ་སྣང་བ་ལྟར་གནས་སོ། །སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ས་ན་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོར་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་པ་ཡིན་པས། ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་གཡོ་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་དང་ཡེ་ཤེས་འདི་ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་པར་གསུངས་སོ།།
དེས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ལུས་སྡུག་བདེན་དུ་མི་འདོད་པར་མཆོག་གི་སྤྲུལ་སྐུའི་རྣམ་ཅན་གདུལ་བྱ་ཐུན་མོངས་བ་རྣམས་ཀྱི་ཤའི་མིག་གི་ཡུལ་དུ་སྣང་ཞིང་།ཞལ་མཇལ་གསུངས་ཐོས་པ་དང་།
གསུང་གཅིག་ཉིད་དུ་གསུང་ན་ཡང་། །དུ་མ་ཉིད་དུ་སྣང་བར་འགྱུར།ཞེས་པ་དང་།
དབུ་སྐྲ་བུང་བ་ལྟར་གནག་དང་། ཞེས་པ་དང་།
དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་རྒྱུ་ཡོད་མེད་སོགས་དང་།སྐུ་ལ་རུས་པ་ཁྲག་མེད་ན།
།རིང་བསྲེལ་ཡོད་པར་ག་ལ་འགྱུར།
།ཞེས་པ་སོགས་མདོ་སྔགས་ཀྱི་བཤད་ཚུལ་ཐུན་མོངས་བ་དང་ཐུན་མིན་གྱི་དམ་བཅའ་འཛིན་མཚམས་རྣམས་ལ་བློ་ཅན་དག་གིས་སོ་སོར་དབྱེ་ནས་དཔྱད་དགོས་པ་ཡིན་ནོ།
།སྤྱིར་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས།
འདི་དང་འདི་ལྟ་བུར་མཐའ་གཅིག་ཏུ་ཁ་ཚོད་གཅོད་མི་ཐུབ་ལ། འོན་ཀྱང་འདིར་བདག་གིས་དགོས་པའི་དབང་གིས་མངལ་སྐྱེས་སུ་གསུངས་ཡོད་པ་རྣམས་བསྡུས་ནས་བཤད་པ་ཙམ་དུ་ཟད་དོ།།
ཞེས་པ་འདི་ཉིད་ལྷ་རྩེ་དབོན་སྤྲུལ་དུ་འབོད་པ་༧པདྨ་རིག་འཛིན་གྱིས་ ༢༠༢༠ ལོ་སྤྱི་ཟླ་ ༧ པའི་ཚེས་ ༡༡ ཉིན་ཧོང་ཁོང་དུ་བྲིས་པ་དགེའོ། །སརྦ་མངྒ་ལཾ། །ཛ་ཡན་ཏུ། །བཀྲ་ཤིས་ཤོག།
ཡོང་ཁུངས། སྔ་འགྱུར་ཞབས་ཞུ་ཚན་ཆུང་འཕྲིན་སྟེགས།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།