____________________________
«གསེར་གྱི་བ་དན་སེར་པོ།» མགྱོགས་བྲིས་མ།
རྩོམ་པ་པོ། གངས་སེང་དཀར་མོ།
ཉི་ཟླ་འོད་དུ་བཞུས་པའི་མར་ཁུའི་རྒྱ་མཚོ།།
ཚེ་འབར་ཀོང་བུའི་ཁ་ཡི་སྡོང་དཀྲིས་འོད་ཆེན།།
མུན་པ་མགོ་རྟིང་སློག་པའི་གྱད་ཆེན་ངོ་མ།།
རང་བཅུན་གཟབ་ནན་ཅན་གྱི་སྐྱེས་བུ་ཁེར་མ།།
ཤིང་ཁང་གོག་པོའི་སྦུགས་ཀྱི་ལྷ་སྐུ་བྱིན་ཅན།།
རྒྱ་མཚོའི་ཕ་རོལ་རྒལ་བའི་ཤེས་རབ་མདངས་ཆེན།།
མེས་པོའི་རང་ཚུགས་འདེད་པའི་ཨ་ཕོ་ལུག་རྫི།།
གཞན་དོན་མཛད་ལ་མཁས་པའི་བྱང་སེམས་སར་པ།།
འཛུམ་བརྒྱ་ཞལ་ལ་ཁུག་པའི་བཅོ་ལྔའི་དུང་ཟླ།།
ཐབས་བརྒྱ་འཛུམ་གྱིས་སྦྱིན་པའི་མི་ཕོ་ངམ་དཀར།།
ནད་བརྒྱ་སྨན་གཅིག་ལྟ་བུའི་ཆིག་ཐུབ་རྒྱལ་པོ།།
དབུ་འཕང་དགུང་ལས་མཐོ་བའི་ཕ་བཟང་བུ་རྒོད།།
གཉན་གྱི་ཁ་ངོ་བཀྲུས་པའི་བདུད་རྩིའི་མཚོ་ཆེན།།
ཕས་ཀྱི་འཇིགས་པ་གཞིལ་བའི་རྡོ་རྗེའི་ལྗགས་ཅན།།
རྐྱེན་ངན་ལམ་དུ་ལོང་བའི་གསེར་འགྱུར་རྩི་མ།།
ཡ་རབས་དྲང་ཚུགས་ཅན་གྱི་མཁས་པ་གསོན་པོ།།
མདོ་སྔགས་གཞུང་བརྒྱ་བསྐྱིལ་བའི་ཆོས་ཀྱི་སྒྲོ་བ།།
ཁ་བའི་དཀྱིལ་ན་བཞུགས་པའི་ཤེས་རབ་ཆོད་ཆེན།།
མེས་པོའི་དུར་ས་སྲུང་བའི་བཙན་པོའི་གདུང་རྒྱུད།།
ཤར་ནུབ་ལུགས་གཉིས་སྨྲ་བའི་དགེ་སློང་ཡ་གཅིག།
མགོན་མེད་ནད་པའི་མགོན་པོ་སངས་རྒྱས་སྨན་བླ།།
ཚེ་སྲོག་སྐྱོབ་པའི་མཐུ་ཅན་ཚེ་དཔག་མེད་མགོན།།
ཉེར་གཅིག་དུས་འདིའི་སྟོན་པ་སྟོན་པ་གཉིས་པ།།
ལྷ་བརྒྱ་གཅིག་ཏུ་བསྡུས་པའི་ལྷ་གཅིག་རྒྱུད་གཅིག།
༢༠༢༠/༧/༡༥
_______________________
རྩོམ་པ་པོ། གླིང་ཚང་ཕྲིན་ལས་མཐར་ཕྱིན།
ལང་མ་འགྱེལ་གྱི་ཁྲོད་ན་ཡོད་པའི།།
ཉམ་ཐག་མི་རིགས་ཤིག་གི་ལས་དབང་།།
སྣུམ་རྡུགས་རླུང་གསེབ་མར་མེ་ལྟ་བུར།།
ཕྱག་ཟུང་ཁྱོར་བས་ནན་གྱིས་སྲུང་བའི།།
ཨ་བུ་ཚུལ་ཁྲིམས་བློ་གྲོས་ཁྱེད་ཡིན།།
གཏིང་གནག་སྦྱོར་བ་གཏུམ་པོའི་སོ་ཁ།།
ཉམ་ཐག་འཁོས་ཆུང་འུ་ཚོར་བསྐོར་ཏེ།།
སྐད་ཡིག་བཤིན་རྗེའི་འཕྲང་ལ་བརྫངས་དུས།།
ཀ་ཁའི་གདངས་ལ་རམ་འདེགས་བྱེད་མཁན།།
ཨ་བུ་ཚུལ་ཁྲིམས་བློ་གྲོས་ཁྱེད་ཡིན།།
མཚན་མོའི་སྨག་རུམ་དྭངས་དུས་མེད་ཅིང་།།
ཅེ་སྤྱང་ངུ་སྐད་བར་མཚམས་མེད་ཚེ།།
ཕྲ་རིང་མེ་མདའི་མཁྱེན་དཔྱོད་བསྣམས་ཏེ།།
ས་ཡ་མང་པོའི་ལྷས་ར་སྲུང་མི།།
ཨ་བུ་ཚུལ་ཁྲིམས་བློ་ཁྱེད་ཡིན།།
འཆི་གསོན་གདམ་ངའི་གནས་སུ་ལྷུང་སྟེ།།
ནད་ངན་ཨེ་ཛིས་བརྙས་ཤིང་མནར་དུས།།
སྨན་སྒམ་ཆུང་ཆུང་རྒྱབ་ཏུ་ཁུར་ནས།།
གྲོང་དང་གྲོང་གསེབ་འགྲིམས་པའི་ལྷ་རྗེ།།
ཨ་བུ་ཚུལ་ཁྲིམས་བློ་གྲོས་ཡིན་སོང་།།
ཤ་ཚའི་ནང་མོལ་ནང་ནས་གླེང་སྟེ།།
གནའ་དེང་ཟུང་གིས་ལུགས་བཟང་སྤེལ་བའི།།
ཨ་བུ་ཚུལ་ཁྲིམས་བློ་གྲོས་ཁྱེད་ལ།།
དུས་ཀྱི་ཆར་དང་སྟོན་པ་ཆེན་པོའི།།
ཐ་སྙད་འདི་དག་ཆེ་རྒྱུ་མེད་དོ།།
ཞེས་པ་འདིའང་དུས་རབས་ཉེར་གཅིག་པའི་ལམ་སྟོན་གྱི་སྒྲོན་མེ་ཆེན་པོ།
མཁས་པའི་དབང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུའི་འཁྲུངས་སྐར་ཉིན།
མགོན་པོའི་གང་གི་སློབ་མཐར་མ་གཏོགས་ཀྱང་།
ཁོང་གི་ཉི་མ་རེ་རེའི་མཛད་འཕྲིན་ལ་དང་བ་དང་ཡི་རང་ངང་གིས་འཕེལ་བཞིན་པའི་གླིང་ཚང་ཕྲིན་ལས་མཐར་ཕྱིན་དུ་འབོད་པས། བོད་རྒྱལ་ལོ་
༢༡༤༧ བོད་ཟླ་ ༥ ཚེས་ ༢༥ དང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༧ ཚེས་ ༡༥ ཉིན་བགྱིས་པའོ།།
__________________________
ཕལ་བའི་ཕལ་བ་ཞིག
རྩོམ་པ་པོ། བཙན་གྲོལ།
ཉེར་ཅིག་གི་རླུང་དམར་དབུས་ནས
དུས་རབས་ཀྱི་ཁྲ་ཁྲའི་གསེབ་ནས
ཨེ་ནད་ཀྱི་ཕོ་ཉ་དཀར་པོ
ཕལ་བའི་ཕལ་བ་ཞིག
འཇིག་རྟེན་འདིར་བཞད
དུས་ཀྱི་འགྱུར་ཁུག་གི་འོག་ནས
རྨུ་ཐག་གིས་དཀྱིགས་པའི་ཕ་གཞིས་དྲོན་མོ
རང་དབང་གི་མཐའ་མཚམས་ལས་བརྒལ་ཏེ
ཕལ་བའི་ཕལ་བ་ཞིག
འཇིག་རྟེན་འདིར་བཞད
བྱིས་དུས་ཀྱི་ལྷན་པ་དཀར་པོ
བྱིས་སེམས་ཀྱི་དུང་དཀར་མཆོད་རྟེན
མུན་ནག་ལས་ལྷ་གཟུགས་བཞེངས་མཁན
ཕལ་བའི་ཕལ་བ་ཞིག
འཇིག་རྟེན་འདིར་བཞད
དུས་རབས་ཀྱི་སློབ་གསོའི་སློབ་དཔོན
ས་སྟེང་གི་མིག་འབྱེད་སེར་པོ
མཐོ་སྒང་གི་ཁ་དབུགས་ལས་འདའ་ནས
ཤར་ནུབ་ལ་ཡོལ་བ་དཀར་པོ་གཡོགས་མཁན
ཕལ་བའི་ཕལ་བ་ཞིག
འཇིག་རྟེན་འདིར་བཞད
ཁྱེད་ལ་ཐོབ་གོ་ས་མེད་ལ
ཁྱེད་ལ་གཡས་གཡོན་གྱི་ཧྲལ་ཧྲུལ་མེད་ལ
ཁྱེད་ལ་རྒྱུ་དངོས་ཀྱི་དཔུང་རོགས་མེད་ལ
གྱོན་པ་དམར་པོ་ཞིག
གསེར་གྱི་སྨྱུག་གྲི་རྣོ་བ་ཞིག
བོད་ཤོག་དྭངས་མ་ཞིག
ཕལ་བའི་ཕལ་བ་རང་རེད
__________

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།