རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 15 July 2020

༸མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་ཀྱི་རྗེས་དྲན་བསྟོད་རྩོམ་ཕྱོགས་བསྒྲིགས། ༢༽

__________________________

ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ།

རྩོམ་པ་པོ། ཚེ་དགའ་དབང་རྒྱལ། རྣམ་གྲོལ་གླིང་།


བསྟན་ལ་ཕན་ན་གང་ཡང་སྒྲུབ་པར་བྱེད།།

འགྲོ་ལ་གནོད་ན་ཅི་ཡང་འགོག་པ་ཕོད།།

ཡོད་ཚད་བསྟན་འགྲོ་དོན་ལས་གཞན་མེད་པས།།

རྒྱལ་སྲས་སྤྱོད་པ་རྫོགས་པའི་ཁྱེད་ལ་འདུད།།


ཡོད་ན་དེ་མཆོག་བོད་མི་ཡོངས་ཀྱིས་བརྒྱན།།

མེད་ན་མི་འགྲིག་བཙན་པོ་ཚང་གི་ཏོག།

མ་འོངས་གངས་ལྗོངས་བླ་སྲོག་བརྟན་པའི་ཆེད།།

མཚན་དཔེ་སྐུ་ལ་བགྲེས་རྒུད་མེད་པར་ཤོག།


མཁས་པའི་ཚུལ་གྱི་རང་ཚུགས་མ་ཤོར་ཞིང་།།

བཙུན་པའི་འདུལ་བའི་ཁྲིམས་དང་མ་འགལ་བ།།

བཟང་པོའི་བསླབ་པ་སྙིང་ནས་མི་དོར་བས།།

ངེས་པ་དོན་གྱི་ཆོས་པ་ཁྱེད་འདྲ་དཀོན།།


འཆད་པས་མི་རིགས་ཤིག་གི་སྲོལ་ངན་བཅད།།

རྩོད་པས་རིག་གསར་ཅན་ཚོའི་ཀླན་ཀ་གཏུབས།།

རྩོམ་པས་མགོ་ནག་འཚོག་གིས་བླང་དོར་སེལ།།

སྨྲ་བའི་སེང་གེ་དབང་ཕྱུག་ཁྱེད་ཉིད་རྒྱལ།།


ཟང་ཟིང་སྒྱུ་མའི་ཆོས་ལ་མ་འཁྲུལ་ཤིང་།།

སྲིད་པའི་ཕུན་ཚོགས་གནས་ལ་མ་ཞེན་པར།།

ཤར་ནུབ་ཀུན་ལ་དགེ་བཅུའི་ཁྲིམས་སྤེལ་བའི།།

ཆོས་སྨྲའི་དགེ་སྦྱོང་ངོ་མ་ཁྱེད་འདྲ་དགོས།།


མཐོན་པོའི་དཔོན་ལ་ངོས་དགའ་མ་འཁྲབ་ཅིང་།།

དམན་པའི་མི་ལ་བརྙས་ཚུལ་སྟོན་མ་མྱོང་།།

མཆོག་དམན་ཀུན་ལ་འཛུམ་མདངས་གཅིག་ཁོ་ནས།།

གསེར་ཞལ་འགྲོ་ལ་མངོན་པ་ཁྱེད་འདྲ་ཉུང་།།


ཕྱོགས་བཤད་སྨྲ་ངན་རྗེས་སུ་མ་འབྲངས་ཤིང་།།

རྒྱུ་དང་འབྱོར་བའི་མཐའ་རུ་མི་ལྷུང་ནས།།

ལེགས་བཤད་གསུང་གི་སྒྲོན་མེ་འཚེར་བའི་སྐབས།།

མཁན་ཆེན་གདམས་ངག་གཉིས་པོར་སྨིན་པ་ཤེས།།


ཀུན་གྱིས་གུས་པ་ལྷ་ཡིས་མི་ཐོན་ཞིང་།།

ཐམས་ཅད་ཚིམས་པ་མི་ཡིས་མི་ཐུབ་པས།།

དེ་བཞིན་ལས་དང་རྒྱུ་འབྲས་ཁས་ལེན་མཁན།།

སྐྱེ་བོ་དག་གི་སྙིང་ནང་ཁྱེད་ཉིད་ཡོད།།


(དམ་པ་ཁྱེད་ལ་རེ་འབོད།)

འཇོན་པའི་མི་ལ་དགྲ་ལྟར་བྱེད་པ་དང༌།།

མཁས་པའི་མི་ལ་དུག་ལྟར་ལྟ་བ་ནི།།

བོད་ཀྱི་སྲོལ་ངན་ཞིག་ཏུ་དར་ཟིན་པས།།

མགོ་ནག་གཡོ་སྒྱུ་ཅན་ལ་བག་ཡོད་མཛོད།།


གསོན་པའི་སྐབས་ལ་ཁྱི་ལྟར་སྡང་བ་དང་།།

གཤེགས་པའི་རྗེས་སུ་ལྷ་ལྟར་བཀུར་བ་ནི།།

མེས་པོ་ཕྱོགས་འཛིན་ཅན་ཚོས་སྤེལ་ཟིན་པས།།

སྤེལ་ངན་རྗེས་ཤུལ་དེ་ལ་ཐུགས་གཟབ་མཛོད།།

 

༢༠༢༠།༠༧།༡༥།

 

__________________________

ཚུལ་ཁྲིམས་བློ་གྲོས་མཆོག

རྩོམ་པ་པོ། ཁྲོཾ་ཉག་ཚེ་རིང་། རྣམ་གྲོལ་གླིང་།


འོད་གསལ་བསྟན་པའི་སྲོལ་འབྱེད་ཀློང་ཆེན་པ།།

མདོ་ཁམས་ཕྱོགས་སུ་སྐུ་ཡི་མཚན་དཔེ་བཞད།།

བློ་གྲོས་ཆེན་པོས་དམུ་རྒོད་མ་ལུས་བཏུལ།།

ཤེས་རབ་ལྷ་མཆོག་ཁྱེད་ལ་གུས་ཕྱག་འཚལ།།


རྒྱལ་བའི་དགོངས་པ་མཐའ་དག་ཁོངས་སུ་དུ་ཆུད།།

རྒྱ་བོད་བསྟན་བཅོས་འགལ་མེད་ཚུལ་དུ་འཆད།།

མཁས་པའི་ནང་གི་མཁས་པ་ཡོངས་ཀྱི་ཏོག།

སྨྲ་བའི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་མཆོག།


ལྷག་བསམ་དུང་ཟླ་དཀར་པོའི་འོད་སྣང་འཚེར།།

གཞུང་བརྒྱའི་དཀའ་གནད་མ་ལུས་གསེད་དཀྲོལ་མཛད།།

བྱམས་བརྩེའི་འོད་སྣང་འགྲོ་དྲུག་ཀུན་ལ་གཟིགས།།

སྙིང་རྗེའི་བདག་ཉིད་ཚུལ་ཁྲིམས་བློ་གྲོས་མཆོག།


རྨོངས་པའི་འདམ་ལས་ལྷུང་བའི་ཆེ་གེ་མོས།།

ཕྲག་དོག་མེ་ཆེན་ཇི་ཙམ་འབར་ན་ཡང་།།

བཟོད་སྒོམ་རྒྱུན་ཆད་མེད་པར་འཛུམ་གྱིས་བསུ།།

བཟོད་པའི་རྒྱལ་པོ་ཚུལ་ཁྲིམས་བློ་གྲོས་མཆོག།


མགོན་མེད་དུད་འགྲོ་ཉམ་ཆུང་ཕ་མར་བཀུར།།

སེམས་ལྡན་ཀུན་ལ་ཕན་བདེའི་གོ་འཕང་སྟོན།།

གནས་ལུགས་རིག་པའི་བདུད་རྩི་བསླད་མེད་སྟེར།

གཞན་དོན་རྒྱལ་སྲས་ཚུལ་ཁྲིམས་བློ་གྲོས་མཆོག།


གནའ་དེང་རིག་པའི་གཞུང་ལ་མཐོང་རྒྱ་ཆེ།།

ཁ་བའི་རིག་གཞུང་རྒྱལ་ཁབ་ཀུན་ལ་སྤེལ།།

མཁས་པའི་མཚན་སྙན་ས་གསུམ་ཀུན་ལ་ཁྱབ།།

རིག་པའི་ཕོ་ཉ་ཚུལ་ཁྲིམས་བློ་གྲོས་མཆོག།


དུས་རབས་གསར་པའི་ནང་གི་རྐང་གཉིས་ཅན།།

ཉི་མ་བཞིན་དུ་འོད་ཟེར་ཀུན་ལ་ཁྱབ།།

ཟླ་བ་བཞིན་དུ་མཚན་མོའི་མུན་པ་བསལ།།

གངས་རིའི་སྐར་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག།

 

__________________________

མཁན་ཆེན་བླ་མ་བྲིས།

རྩོམ་པ་པོ། སྨྲ་བ་ངན་པ། སེར་བྱེས།


དུས་ངན་སྙིགས་མ་མཐའ་ལ་ཐུག་པའི་ཚེ།།

བཅོམ་ལྡན་མགོན་པོ་མཉམ་མེད་ཐུབ་དབང་གི།།

རྒྱལ་ཚབ་མཆོག་སྤྲུལ་ངུར་སྨྲིག་སྲས་པོ་ཞིག།

ཉེར་གཅིག་བདུད་ཀྱི་བསྐལ་བའི་ས་རུ་བལྟམས།།


སྡུག་མངའི་རིགས་དྲུག་འཁོར་བ་ལ་གཟིགས་ཏེ།།

བརྩེ་ལྡན་སྙིང་རྗེ་ཆེན་པོས་དམ་ཆོས་བསྟན།།

སྐལ་བཟང་གདུལ་བྱ་ཚོགས་རྣམས་རབ་དགྱེས་ནས།།

དམ་པའི་གསུང་ལ་མི་ཕྱེད་དད་མོས་ཐོབ།།


གདོང་དམར་ཡུལ་བའི་མེས་པོའི་སྐད་ཡིག་དག །

མི་ཉམས་རྒྱུད་འཛིན་ཉམས་པ་སླར་གསོའི་སླད།།

ཚེགས་ཆེན་དྲག་པོས་ངལ་དུབ་ཁྱད་བསད་ནས།།

བཀའ་དྲིན་གཞལ་ཟླ་མེད་པར་བསྐྱངས་ནི་ཡོད།།


ལྷག་པར་གངས་ཅན་ཆོས་ཀྱི་གདན་ས་རུ།།

ཚུལ་འཆོས་ཡང་དག་འཛིན་པའི་ལྟ་ལོག་ཀུན།།

རྨོངས་པའི་ལུ་གུ་གཉིད་རྨུགས་སྒྲོལ་མཛད་ནས།།

ལུང་རྟོགས་བསྟན་པའི་རྒྱལ་མཚན་ས་གསུམ་ཁྱབ།།


ཁྱད་ཞུགས་བསྟན་པའི་སྟོན་པ་བླ་མ་མཆོག །

འདུལ་ཁྲིམས་གཙང་ཞིང་ཀུན་སྤྱོད་ཡངས་པ་དང་།།

མྱི་གཞི་རྣལ་ཞིང་མཆོག་འཛིན་མེད་པ་སོགས།།

ལེགས་ཚོགས་ཁོ་ནའི་དཔལ་སྤུངས་རྒྱན་དང་བཅས།།


མདོ་རྒྱུད་བསྟན་པའི་ཆོས་རྒྱལ་ཆེན་པོ་ལ།།

བདག་སོགས་རྣམས་ཀྱིས་སྒོ་གསུམ་གུས་པས་མཆོད།།

ནམ་ཡང་སྐྱབས་འོག་གནས་ཀྱི་དམ་པ་ནས།།

འདོར་བ་མེད་པར་དུས་གསུམ་ཐུགས་རྗེ་གཟིགས།།

 

__________________________

ཡོངས་ཁུངས། དོ་བདག་སོ་སོའི་ངོ་དེབ་དང་འཕྲིན་ཕྲན་གྱི་ངོས་ལས་བཤུས།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།