ཚུལ་ཁྲིམས་བློ་གྲོས་སུ་ཞིག་རེད།
རྩོམ་པ་པོ། སྡེ་དགེ་སྐལ་བཟང་། སེར་བྱེས།
བོད་གངས་ཅན་གྱི་ཆབ་དཔལ་རིག་གསུམ་མཐོ་སྒང་གི་ཚེ་བླ་སྲོག་གསུམ་དུ་འཛིན་ཞིང་། སྐད་ཡིག་གི་རིན་ཐང་རེ་གླེང་ཡོང་དུས་མི་སུས་བལྟས་ཀྱང་སྡོད་མི་ཚུགས་པའི་ངང་ཚུལ་ཞིག་སྤྲོད་ཐུབ་མཁན་གྱི་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་རེད།
སྐད་ཡིག་གི་གནས་བབ་དེའི་ཁྲོད་ནས་ཁ་ཙམ་མིན་པར་ལག་ལེན་ལ་དངོས་སུ་འཇུག་སྟེ།
མི་རིགས་འདིའི་སྐད་ཡིག་གི་དར་ཆེན་འཛམ་གླིང་ལ་ཕྱར་ཐུབ་མཁན་གྱི་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་རེད།
ཐ་སྙད་ཀྱི་བཀོལ་སྤྱོད་བདེ་ཞིང་།
རྒྱ་བོད་དབྱིན་གསུམ་གང་གིས་བལྟས་ཀྱང་ཤེས་སླ་ལ་ནང་དོན་གྱི་གཏིང་ཟབ་པའི་གསར་བྱུང་རྒྱུལ་བཀོལ་རིས་འགྲེལ་མིང་མཛོད་ཀྱི་འགོ་འཁྲིད་པ་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་རེད།
ནད་ཨེ་ཛི་ཟེར་དུས་ཡོད་ཚད་འཇིགས་སྐྲག་གིས་ཁེངས་ཤིང་།
དེ་ན་བའི་གང་ཟག་གི་རྒྱུད་ལ་ཕར་འགྲོ་ཚུར་འོང་གི་དོགས་ཟོན་བྱེད་བཞིན་པའི་དུས་ཚིགས་ཀྱི་ཀློང་ནས།
རང་ལས་གཞན་གཅེས་ཀྱི་བསམ་བློའི་འདུ་ཤེས་ཀྱི་མངོན་པ་མཐོ་ཞིང་།
ནད་འདི་སྔོན་འགོག་གི་ལམ་སྟོན་དང་དེ་ཉིད་ཞི་ཐབས་ཀྱི་ཆེད་མྱི་རྒྱུ་གཉིས་ཀ་འཕངས་མེད་གཏོང་མཁན་གྱི་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་རེད།
མི་རིགས་ཤིག་གི་འཆི་གསོན་གྱི་གདམ་ཀ་ནི། མི་རིགས་དེའི་སྐད་དང་ཡི་གེ་སྲོལ་རྒྱུན་གོམས་གཤིས་ལས་བྱུང་ཞིང་། མི་རིགས་དེ་ཉིད་ཡུན་གནས་ཇི་ཙམ་ཞིག་དགོས་མིན་དེ། མི་རིགས་དེའི་སོན་རྩ་ལ་ཐུག་ཡོད་པས། མི་རིགས་དེའི་སོན་རྩ་སྐྱེད་སྲིང་བྱེད་སའི་གར་སྟེགས་ནི་སློབ་གླིང་ཡིན་པས། སློབ་གླིང་འཛུགས་མཁན་གྱི་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་རེད།
འཚེ་མེད་ཞི་བདེ་ཁ་ཙམ་གྱི་འོད་ཟེར་འཕྲོས་པ་ལྟ་བུའི་སྤྱི་ཚོགས་ཀྱི་ཡུལ་དངོས་སུ་སེམས་ཅན་གྱི་བདེ་སྡུག་ཕྲག་ཏུ་ཁུར་ཏེ།
རང་གི་ལུས་ལ་དཔེ་བླངས་ནས་སེམས་ཅན་གྱི་ཤ་ཟ་ཕྲག་འཐུང་ལ་འཇུག་པའི་མི་དག་ལ་ཚེ་སྲོག་ལ་གཅེས་སྐྱོང་དགོས་པའི་རེ་སྐུལ་ཞུ་བ་པོ་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་ཡིན།
མགོན་མེད་དྭ་ཕྲུག་གི་ཁྱིམ་གཞི་གསར་དུ་བཙུགས་ཏེ། རང་ཉིད་ཀྱི་དགའ་ཕྱོགས་དཀར་ཟས་གཡོལ་སྦྱོར།
ལྷ་བྲིས་ཐང་ཀ རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག བཟོ་བརྐོས་སོགས་ལས་རིགས་རང་འདོད་ཀྱི་ཞུགས་སའི་སློབ་གླིང་བཙུགས་མཁན་གྱི་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་ཡིན།
ལྗགས་ཁྲིད་གནང་བའི་གཞུང་ཆེན་བཀའ་པོད་ལྔའི་སྐོར་གྱི་གཞུང་ཚན་ ༢༠ དང་ཐུན་མོང་རིག་གནས་སྐོར་གྱི་གཞུང་ཚན་ ༡༢
མན་ངག་བློ་སྦྱོང་སྐོར་གྱི་གཞུང་ཚན་ ༢༤ ཁོང་གི་བརྩམས་ཆོས་འཆད་ཁྲིད་གཞུང་ཚན་ལྔ་བཅས་ཁྱོན་བསྡོམས་གཞུང་ཆ་ཚང་
༦༡ འཆད་འཁྲིད་པ་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་ཡིན།
བཀའ་པོད་ལྔའི་གཙོའི་མཐུན་མོང་རིག་གནས་སྤྱི་དང་སློབ་གསོའི་སྐོར་གྱི་དེབ་གྲངས་སོ་ལྔ་ཙམ་རྩོམ་པ་པོ་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་ཡིན།
ད་ལྟའི་དུས་ཚོད་ཀྱི་འགྱུར་བག་འདིའི་ཁྲོད། ཁོང་ནི་འཆད་པ་ལ་མཁས་པ། རྩོད་པ་ལ་མཁས་པ། བརྩམས་པ་ལ་མཁས་པ། མཁས་པའི་བྱ་བ་རྣམས་གསུམ་ལ་འགྲན་པའི་ཟླ་དང་བྲལ་བའི་གསེར་ཐང་བླ་རུང་གྲྭ་རྐྱང་ཞིག་ཡིན།
འགྲོ་དུས་མཐའ་འཁོར་སྲུང་བའི་སྐོར་སྲུང་མེད་ལ།
རྒྱབ་ཁུག་ཁུར་བའི་ཞབས་ཞུ་མེད། འགྲོ་སྣོད་རླངས་འཁོར་རྫིག་པོ་ཉོ་བྱེད་མེད་པའི་གསེར་ཐང་བླ་རུང་གི་གྲྭ་རྐྱང་ཞིག་ཡིན།
མདོར་ན་ཚུལ་ཁྲིམས་བློ་གྲོས་ནི། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མི་རིགས་འདིའི་སྲོག་གི་ཀ་བ་གཅིག་ཡིན།
༸མགོན་པོ་གོང་ཉིད་ཀྱི་འཁྲུངས་སྐར་ལ་བོད་གངས་ཅན་གྱི་གྲལ་མཐའ་བ་སྡེ་དགེ་སྐལ་བཟང་འབོད་པས་རྒྱ་གར་ལྷོ་ཕྱོགས་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་རང་ཉིད་ཀྱིས་ངོས་འཛིན་ཚུལ་དུ་བྲིས།
འཁྲུངས་སྐར་བསུ།
རྩོམ་པ་པོ། རྭ་ཚྭའི་ལྕགས་སྨྱུག རྣམ་གྲོལ་གླིང་།
བླ་མ་ལགས། ཁྱེད་ནི།
དུས་རབས་ཉེར་གཅིག་པའི་ནང་གི
རླབས་ཆེན་གྱི་བྱ་བ་བསྒྲུབ་པའི་སྐྱེ་བུ་ཚོའི་ནང་གི་གཅིག་ཡིན།
བླ་མ་ལགས། ཁྱེད་ནི།
མེས་པོའི་ཕ་སྐད་གཙང་མ་བདག་པོ་བྱེད་མཁན་གྱི།
༸པཎ་ཆེན་རིན་པོ་ཆེའི་རྗེས་འཇུག་དག་མ་ཞིག་ཡིན།
བླ་མ་ལགས། ཁྱེད་ནི།
ཚེ་སྲོག་འདྲ་མཉམ་དང་པོ་རྙེད་མཁན་གྱི།
རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱི་སློབ་ཕྲུག་རྣལ་མ་ཞིག
བླ་མ་ལགས། ཁྱེད་ནི།
ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོར།
མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་པའི་རེ་སྐུལ་བྱེད་མཁན་ཞིག
བླ་མ་ལགས། ཁྱེད་ནི།
ཡུན་རིང་ནད་ཀྱིས་འཐེབ་པའི།
དབྱངས་གསལ་སོ་བཞིའི་ཚེ་སྲོག་སྐྱོབ་མཁན་གྱི་སྨན་པ་ཞིག
བླ་མ་ལགས། ཁྱེད་ནི།
ཞིང་འབྲོག་གི་བྱིས་པ་ཚོའི་ལག་ཏུ།
ཤེས་རིག་གི་མེ་ཏོག་འཇོག་མཁན་གྱི་དགེ་རྒན་ལྟ་བུ་ཞིག
བླ་མ་ལགས། ཁྱེད་ནི།
སྐད་ཡིག་གིས་དབུལ་ཞིང་ཕོངས་པའི་གཞོན་སྐྱེས་ཚོར།
དབྱངས་གསལ་སོ་བཞིའི་ཕ་ཁྱིམ་བསྐྲུན་པའི་ནུས་མཐུ་སྩོལ་མཁན་ཞིག
ཁྱེད་ནི། ཡོད་ཚད་མི་རིགས་ཆེད་དུ་བཏང་བའི་བོད་མི་མཚན་ཉིད་པ་ཞིག
༡༥/༠༧/༢༠༢༠
___________________________
ནགས་ཀྱི་རྒྱལ་པོ་ཁོང་།
རྩོམ་པ་པོ། བཀྲ་ཤིས་དཔལ་འབྱོར། རྣམ་གྲོལ་གླིང་།
ནགས་ཀྱི་རྒྱལ་པོ་ཁོང་།
གཞན་སེམས་མི་དཀྲུག་པའི་དམ་བཅའ་བཞེས་ཤིང་།
རང་ཚུགས་མི་ཤོར་པའི་ཁྲིད་ལ་ཁོད་དེ།
འཇམ་ལྷིང་ངེར་བཞུགས་པ་ན།
ཝ་དང་སྤྱང་ཀིའི་ཚོགས་ཀྱིས།
ནགས་ལ་རྒྱལ་པོ་མེད་དོ་དང་།
ང་ནི་ནགས་ཀྱི་རྒྱལ་པོའོ།
སོགས་འུད་ཅོར་ཤིན་ཏུ་ཆེན་པོས།
གཟུར་གནས་ཀུན་རྣ་བ་འོན་ལ་བཀད་དོ།
དེ་ཚེ་ནགས་ཀྱི་རྒྱལ་པོ་ཡང་།
ཕལ་བའི་རྫུ་ལ་ཞུགས་ནས།
ཐུགས་རྗེ་ཆེན་པོའི་ཐབས་ཀྱིས།
ཚུལ་མིན་ཀུན།
ཚུལ་དང་ལྡན་པའི་གནས་སུ་འགོད་ཕྱིར།
གནས་ཕྱོགས་ངེས་མེད་ན།
ཉིན་མཚན་དབྱེར་མེད་ཀྱིས།
འབད་པ་བརྒྱ་ཕྲག་ལ་བརྩོན་སྐབས།
"སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་པའི།།"
སེམས་ཅན་ལྡོམ་བུ་དག་གིས།
ཁོ་ནི་སྨྱོན་པའོ།
འུ་ཅག་གི་དགྲ་བོའོ།
ཞེས་ཀྱང་བྱས་སོ།
འོན་ཀྱང་ཁོང་གིས་ནི།
ང་ལ་ལ་སྐྱོན་དེ་ཡོད་མེད་བརྟག་གིན་ནོ།
ཡོད་ན་དྲིན་མི་རྗེད་དོ།
ཞེས་སྨྲ་བ་ཟླ་མེད་ཀྱི་ལན་ཞིག་ཡང་བསྐྱར་བཏབ་པོ།
དེའི་ཕྱིར་ཁོང་འཁྲུངས་པ་ལ།
མང་པོ་ཞིག་དགའ་ནས་སྨྱོ་འདུག་ལ།
ང་ཡང་སྨྱོ་བར་སྨོན་ནོ།
__________________________
ཡོངས་ཁུངས། དོ་བདག་སོ་སོའི་ངོ་དེབ་དང་འཕྲིན་ཕྲན་གྱི་ངོས་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།