རྩོམ་པ་པོ།
ལྷ་ལུང་འཚོ། (བོད་མཚོ་སྔོན་རྩེ་ཁོག་རྫོང་།)
སློབ་ཆུང་སློབ་མ་ཞིག་ལ་མཚོན་ན། རྩོམ་ཡིག་འབྲི་བ་དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ངལ་རྩོལ་ཐེངས་ཤིག་ཡིན། རྩོམ་ཡིག་འབྲི་བ་དེ་ལ་གོ་རིམ་ལྡན་པའི་སློབ་གསོ་དང་སྤྱི་ཚོགས་འཚོ་བའི་སྦྱོང་བརྡར་ཡོད་དགོས་པར་མ་ཟད། རང་ཉིད་ཀྱི་བརྩོན་འགྲུས་དང་བློ་གྲོས་ཀྱི་འཇོན་ཐང་ཡང་ངེས་པར་དུ་ཡོད་དགོས། ཁོ་མོས་བལྟས་ན་སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་དེ་མཐོར་འདེགས་སུ་གཏོང་བ་ལ། གཤམ་གསལ་གྱི་དོན་ཚན་འགའ་ནས་མགོ་འཛིན་དགོས་སྙམ།
དང་པོ། བརྗོད་བྱ་མི་རྙེད་པའི་དཀའ་ངལ།
སློབ་ཆུང་སློབ་མ་ཞིག་ལ་མཚོན་ན་ཅི་ཞིག་འབྲི་བསམ་དུས། འབྲི་རྒྱུ་ཅི་ཡང་མི་རྙེད་པ་དེ་ལ་བརྗོད་བྱ་མི་རྙེད་པའི་དཀའ་ངལ་ཟེར།
དཀའ་ངལ་དེ་སེལ་དགོས་ན་ངེས་པར་དུ་སློབ་ཆུང་སློབ་མར་ཆེད་དུ་བསྐྲུན་པའི་དུས་དེབ་དང་ཚགས་པར་ལ་ལྟ་ཀློག་མང་ཙམ་བྱེད་དགོས་པར་མ་ཟད།
དམངས་ཁྲོད་ཀྱི་གླུ་དང་གཏམ་དཔེ།
སྒྲུང་གཏམ་སོགས་འཚོལ་སྡུད་བྱེད་པའི་བྱ་འགུལ་ལ་ཞུགས་ཏེ།
རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བསྐྲུན་དགོས།
དམངས་ཁྲོད་རྩོམ་རིག་འཚོལ་སྡུད་བྱེད་པ་དེ་སློབ་ཆུང་སློབ་མ་ཞིག་ལ་མཚོན་ན་རྩོམ་རིག་གསར་རྩོམ་གྱི་གོམ་པ་དང་པོ་ཡིན།
སློབ་མས་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་བྱེད་པ་བརྒྱུད་དེ་རང་ཉིད་ཀྱི་ལྟ་རྒྱ་དང་ཐོས་རྒྱ་ཇེ་ཆེར་བཏང་ན།
རྩོམ་རིག་གསར་རྩོམ་ཁྲོད་ཀྱི་བསམ་གཞིག་གི་ནུས་པ་འདོན་སྤེལ་བྱེད་པ་དང་མཉམ་དུ།
དོན་དག་ཅི་ཞིག་ཚུལ་ཇི་ལྟར་དུ་འབྲི་རྒྱུ་ཡིན་པའི་བསམ་བློ་འཁོར་སྲིད་པས་བརྗོད་བྱ་མི་རྙེད་པའི་དཀའ་ངལ་ཡང་རིམ་བཞིན་སེལ་ཐུབ་པ་རེད།
གཉིས་པ། རྗོད་བྱེད་ཚིག་གི་དཀའ་ངལ།
སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་དུས་སྐད་ཆ་ཅི་ཞིག་ཚུལ་ཇི་ལྟར་དུ་བཤད་པ་དང་།
དོན་དག་དེ་ཡི་གེའི་ལམ་ནས་ཇི་ལྟར་འབྲི་བར་དུས་ཚོད་ཧ་ཅང་རིང་པོ་ཞིག་ལ་བསམ་བློ་གཏོང་དགོས་པ་རེད།
སློབ་གྲོགས་འགའ་རེར་བརྗོད་བྱ་ཡོད་རུང་འབྲི་རྒྱུ་ཅི་ཡང་མི་རྙེད་པ་དེ་ལ་རྗོད་བྱེད་ཚིག་གི་དཀའ་ངལ་ཟེར།
སློབ་ཆུང་སློབ་མར་མཚོན་ན་རྗོད་བྱེད་ཚིག་གི་དཀའ་ངལ་དེ་གཙོ་བོ་སྐད་ཆ་དང་ཡི་གེའི་སྟེང་ནས་འབྱུང་བ་རེད།
དེ་བས་སློབ་མ་རྣམས་ཀྱིས་རྒྱུན་དུ་དུས་དེབ་དང་ཚགས་པར་སྟེང་གི་སྒྲུང་ཐུང་དང་ལྷུག་རྩོམ་སོགས་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས་དང་ཉམས་འགྱུར་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་པར་མ་ཟད།
རང་ཉིད་གནས་སའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་དེ་བས་ཀྱང་མཉམ་འཇོག་བྱེད་དགོས།
དེའི་རྒྱུ་མཚན་ནི།
རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ནས་བྱུང་ཞིང་རྩོམ་རིག་གི་སྐད་ཆའང་མི་དམངས་མང་ཚོགས་ཀྱི་ཁ་ན་ཡོད་པས་སོ།
།རྗོད་བྱེད་ཚིག་གི་དཀའ་ངལ་སེལ་བ་དེ་གཙོ་བོ་དོན་འདི་འདྲ་ཞིག་ལ་དགོངས་ནའང་།
ད་དུང་བློ་སྒོ་འབྱེད་པའི་ཤེས་བྱ་གང་མང་ཞིག་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་དང་ཟུར་དུ་མར་འཐིམ་ཡོད་པ་ཤེས་དགོས་སོ།།
གསུམ་པ།
སྒྲིག་གཞི་དོ་མི་མཉམ་པའི་དཀའ་ངལ།
སྒྲིག་གཞི་དོ་མི་མཉམ་པ་དེ་སློབ་ཆུང་སློབ་མ་ལ་ལ་ཞིག་ལ་མཚོན་ན་ཏག་ཏག་འཕྲད་སྲིད་པའི་རྩོམ་འབྲིའི་དཀའ་ངལ་གཞན་ཞིག་ཡིན། དེ་ནི་རང་ཉིད་ཀྱིས་དོན་ཅི་ཞིག་ཚུལ་ཇི་ལྟར་དུ་འབྲི་བ་དེ་རང་གི་བློ་ཁོག་ཏུ་མ་ཤོང་བའི་མངོན་རྟགས་ཤིག་རེད། དེ་བས་རང་གིས་དོན་ཅི་ཞིག་འབྲི་ཡང་དེ་ལ་དུས་ཡུན་རིང་བོ་ཞིག་གི་གྲ་སྒྲིག་དང་བློ་སྦྱོང་ཡོད་དགོས། ལྷག་པར་དུ་མགོ་ཇི་ལྟར་འཛུགས་པ་དང་རྒྱུན་ཇི་ལྟར་སྐྱོང་བ། མཇུག་ཇི་ལྟར་སྡུད་པ་སོགས་ཀྱི་གོ་རིམ་ཡིད་ལ་ངེས་དགོས་པར་མ་ཟད། གོ་རིམ་དེ་དག་གི་ནང་དུ་རང་གིས་དོན་ཅི་ཞིགུ་ཚུལ་ཇི་ལྟར་དུ་འབྲི་བའི་བསམ་བློ་དེ་གཏན་ནས་མ་འཆོལ་མ་ནོར་ན་སྒྲིག་གཞི་དོ་མི་མཉམ་པའི་དཀའ་ངལ་དེ་ཡང་རིམ་གྱིས་སེལ་ཐུབ་ངེས་ཡིན་ནོ།།
ཡོང་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱོགས་བསྒྲིགས་བྱས་པའི་«རྩོམ་ཡིག་ལ་འཇུག་པའི་སྒོ་»ཞེས་པའི་དེབ་ལས་ཚན་བཤུས་བྱས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།