རྩོམ་པ་པོ། ཤེས་རབ་རྒྱལ་མཚན་དོལ་པོ། སྔ་འགྱུར་མཐོ་སློབ་ཆེན་མོ།
ལོ་བཅུ་ཕྲག་མང་པོའི་སྔ་རོལ་ནས།།
ཕ་མེས་པོ་རྣམ་པས་སྲོལ་བཏོད་པའི།།
ལུགས་བཟང་པོ་ཕ་མེས་རིག་གཞུང་འདི།།
དེང་མ་ཉམས་དར་ཞིང་རྒྱས་འདིས་སྤྲོ།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་སྟེ།།
ཡུལ་ལྷ་ཡི་ངོ་སོ་བསྟོད་ཉིན་མོ།།
དགའ་ལྷང་ངེར་འཛུམ་མདངས་ཤིག་སེ་ཤིག།
སྤྲོ་སིང་ངེར་མགོ་འཕང་ཀྲོང་སེ་ཀྲོང་།།
ཕྱོགས་གཡས་གཡོན་གཉིས་ནས་གཙང་ཆུ་ཞིག།
འགྲོས་དལ་དྲག་མེད་པར་ཤང་ཤང་རྒྱུ།།
དབུས་དེ་ན་ནེ་ཐང་བདེ་མོ་ཞིག།
དེ་«ནེ་ལྡེ་ལྷ་བཙན་དཀར་པོ་»རེད།།
ཐངས་ཡངས་པོ་དེ་ཡི་དཀྱིལ་མ་ན།།
དུང་དཀར་པོ་གྱེན་ལ་བསླངས་འདྲ་ལ།།
དར་འཇའ་ཚོན་སྣ་ལྔ་དཔྱངས་འདྲ་པོ།།
ཟས་ཕུད་རིགས་མཆོད་སའི་རྟེན་དཀར་རེད།།
ཕུ་ཡར་ལ་གཟིགས་དང་ལྟད་མོ་ལ།།
རི་མཐོན་པོ་དགུང་སྔོན་བཏེགས་ལྟ་བུ།།
སྨུག་ཡེ་རེར་ཚུར་ལ་གཟིགས་འདྲ་དེ།།
ཡུལ་འདི་ཡི་ཡུལ་ལྷ་རྣམ་གཉིས་རེད།།
གཡས་ཕྱོགས་སུ་འགྱིངས་པའི་བྲག་རི་སྟེ།།
དེ་ཕོ་ལྷ་ཨ་ཕ་ཡུལ་ལྷ་དང་།།
གཡོན་ཕྱོགས་སུ་འགྲེངས་པའི
བྲག་རི་སྟེ།།
དེ་མོ་ལྷ་ཨ་མ་རི་ནག་གོ།
མར་མདའ་ལ་གཟིགས་དང་ལྟད་མོ་ཆེ།།
རྟ་འཕུར་བ་རེད་དམ་རྒྱུག་པ་རེད།།
འཕུར་ཟེར་ན་གཤོག་པ་བརྐྱངས་མི་འདུག།
རྒྱུག་ཟེར་ན་ཧ་ཅང་མགྱོགས་བྱུང་ངོ་།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་(ནེ་ལྡེ་)ཐང་གཤོངས་སུ།།
ཆོས་དཀར་ཕྱོགས་སྐྱོང་བའི་ལྷ་སྡེ་དང་།།
ཡུལ་མི་སྡེ་ལྷན་འཛོམས་དུས་བཟང་རེད།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་ནེ་ལྡེ་ཐང་གཤོངས་སུ།།
ལྷ་བླ་མའི་བྱིན་རླབས་སྩོལ་ས་དང་།།
མི་མང་གིས་སྐྱབས་འཇུག་ཞུ་ས་རེད།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་ནེ་ལྡེ་ཐང་གཤོངས་སུ།།
ཕོ་དཔའ་བོ་རྟ་རྩལ་འགྲན་ས་དང་།།
རྟ་འདོ་བ་བང་རྩལ་སྡུར་ས་རེད།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་ནེ་ལྡེ་ཐང་གཤོངས་སུ།།
སྟག་ཤར་ར་ཕོ་ཉམས་སྟོན་ས་དང་།།
སྨན་བུ་མོ་ཁྲོམ་མདོག་གཅོད་ས་རེད།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་ནེ་ལྡེ་ཐང་གཤོངས་སུ།།
ཆུང་བྱིས་པ་བློ་རིག་སུ་རྣོ་དང་།།
རྒན་མགོ་དཀར་འབེལ་གཏམ་སྒྲོག་ས་རེད།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་ནེ་ལྡེ་ཐང་གཤོངས་སུ།།
ངག་སྙན་མོས་གླུ་དབྱངས་ལེན་ས་དང་།།
ལུས་བདེ་པོས་བྲོ་གར་འཁྲབ་ས་རེད།།
ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན།།
ཐང་བདེ་མོ་ནེ་ལྡེ་ཐང་གཤོངས་སུ།།
ལོ་རྒན་དར་གཞོན་གསུམ་ཆ་ཚང་གིས།།
སྐྱིད་སྣང་བ་དབྱིངས་ལ་སྤུར་ས་རེད།།
དབྱར་ཟླ་ ༦ ཚེས་ ༡༣ ནི་ཕ་ཡུལ་གྱི་ཡུལ་ལྷ་མཆོད་པའི་ཉིན་མོ་སྟེ། ནམ་ཡང་དྲན་ངོགས་ནས་ཡལ་མི་སྲིད་པའི་དབྱར་སྟོན་གྱི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།