རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 26 July 2020

མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

རྩོམ་པ་པོ། གོ་འཇོབུ་ཆུང་།

རུས་ཀྱི་དྭངས་མ་གངས་རིའི་འདབས་ལ་ཟུག།

སྐུ་ཡི་མཚན་དཔེ་ནུབ་རིའི་ལྗོངས་སུ་བཞད།།

མཁྱེན་བརྩེའི་གཤོག་ཟུང་རྣམ་གྲོལ་གླིང་ནས་རྒྱས།།

དྲིན་ལྡན་གཤེས་གཉེན་མཆོག་ལ་གུས་ཕྱག་འཚལ།།


རྨད་བྱུང་བསླབ་གསུམ་ནོར་གྱི་མཛོད་འཆང་ཞིང་།།

དམར་སེར་ངུར་སྨྲིག་རྒྱལ་མཚན་གྱིས་བརྗིད་པའི།།

འདྲེན་པ་མཆོག་གི་འཁྲུངས་སྐར་དུས་བཟང་ལ།།

འགྱུར་མེད་སྙིང་སྟོབས་བཙན་པོའི་ཐུགས་བསྐྱེད་ལ།།

 

ཐབས་མཁས་ཕྲིན་ལས་སྟོང་གི་འོད་སྣང་ཅན།།

བསྟན་འགྲོའི་དོན་ཆེན་སྒྲུབ་ལ་ཆས་པ་ནི།།

ངང་དཀར་རྒྱ་མཚོའི་ངོགས་སུ་འཇུག་དང་མཚུངས།།

སྐྱབས་རྗེ་གྲུབ་བང་པདྨ་ནོར་བུ་མཁྱེན།།


ཐོས་བསམ་སྒོམ་པའི་ཡོན་ཏན་ཕུལ་བྱུང་ཞིང་།།

བསྟན་ལ་སྨན་པའི་མཛད་བཟང་བསམ་ཡས་ལ།།

ཁྱད་པར་ཉམ་ཆུང་སློབ་ཕྲུག་སྟོང་ཉེ་བར།།

ཕྱི་ནང་ཤེས་ཡོན་ནོར་གྱིས་ཕྱུག་པར་མཛད།།

 

དུས་མཐའི་རླུང་ནག་འཚུབ་མའི་མུན་ཁྲོད་ནས།།

འདུལ་བསྟན་སྣུམ་ཟད་མར་མེའི་རྗེས་ཕྱོགས་དུས།།

བཅས་རང་ཉེས་པའི་ཚོགས་ལས་ཡོངས་གྲོལ་བའི།།

འདུལ་འཛིན་བཤེས་གཉེན་ཁྱེད་འདྲ་བསྟན་པའི་རྒྱན།།


བསླབ་གསུམ་ནོར་བུའི་ཏོག་གིས་མངོན་མཐོ་ཞིང་།།

རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་གྱིས་བརྗིད་བཞིན།།

རྒྱལ་བསྟན་བླ་རུ་འདེགས་པའི་དེད་དཔོན་དུ།།

གང་སྐུ་བསྐལ་པ་རྒྱ་མཚོར་བཞུགས་གསོལ་འདེབས།།


མདོ་སྔགས་སྟོང་ཆེན་དགའ་མའི་ཁྱོན་ཡངས་སུ།།

ལུང་རྟོགས་བསྟན་པའི་གྲུ་ཆར་འཇོ་བཞིན་དུ།།

ཟབ་དོན་དབྱངས་སུ་འགུགས་མཁས་རྔ་གསང་དབང་།།

གང་གསུང་ཚངས་དབྱངས་དྲུག་ཅུའི་དཔལ་དུ་བཞུགས།།


ཀ་ལྷུན་དབྱེར་མེད་ཐེག་མཆོག་ལྟ་བའི་དཔྱིད།།

ཟུང་འཇུག་མཉམ་སྦྱོར་བདེ་ཆེན་ཆོས་སྐུའི་མཁར།།

གང་ཐུགས་འཕོ་མེད་རྟག་པའི་རྒྱན་བཞུགས་ཏེ།།

མཐའ་ཡས་བསྟན་འགྲོའི་དོན་ཆེན་ལྷུན་འགྲུབ་ཤོག།


ཅེས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི ལོ་རིམ་དགུ་པའི་སློབ་ཚན་ཕལ་ཆེར་གྱི་བཀའ་ཁྲིད་ཞིབ་རྒྱས་ནོད་སའི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན། མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གི་སྐུའི་འཁྲུངས་སྐར་ལཚིས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ཉིད། གདན་ས་ཆེན་པོ་རྣམ་གྲོལ་གླིང་གི་གྲལ་མཐར་སོན་པའི་སྐལ་བཟང་ཐོབ་པ་བཀྲ་ཤིས་ཚེ་བརྟན་དུ་འབོད་པསབོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ཚེས་ ༤ ཆོས་འཁོར་དུས་ཆེན་ཉིན་གུས་ཕུལ། བཀྲ་ཤིས་བདེ་ལེགས།

 

 

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།