རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 10 August 2020

རང་སེམས་ཀྱི་ངོ་བོ་རྟོགས་ན་བསམ་ཤེས་ཅན་དུ་འགྱུར་སྲིད།

རྩོམ་པ་པོ། རྒྱལ་ཚང་འཇམ་དབྱངས་ཤེས་རབ།


མི་གཞན་ཞིག་གིས་རང་ལ་ཚིག་སྙན་པ་ཞིག་བཤད་ན། རང་གིས་དེ་ལ་དགའ་བས་ཉན་པ་དང་། མི་གཞན་ཞིག་གིས་རང་ལ་ཚིག་རྩུབ་པོ་ཞིག་བཤད་ན། རང་གིས་དེ་ལ་གདུང་བས་ཉན་པ་མཐའ་དག་ནི། རང་གིས་རང་ཉིད་ལ་ཚོད་འཛིན་མ་ཐུབ་སྟེ་གཞན་དབང་དུ་ཤོར་བའི་རྣམ་པ་ཞིག་རེད། རང་སེམས་ནང་ལ་ཡོད་པའི་བདེ་སྡུག་གི་ཚོར་བའི་འབྱུང་རྩ་མ་ཤེས་ན། ཕྱི་རོལ་ཡུལ་གྱིས་རང་སེམས་ནང་ལ་འགྱུར་བ་སྣ་ཚོགས་གཏོང་གིན་ཡོད་པས། རང་སེམས་རང་གིས་མ་བཀག་ན། རང་མོས་ཀྱི་འཚོ་བར་རོལ་འདོད་ཀྱང་གཞན་དབང་གི་འཚོ་བར་འགྱུར་སྲིད།


ང་ཚོ་མི་ཕལ་ཆེ་བས་རང་གི་བདེ་སྡུག་གི་ཚོར་བ་གང་ནས་འབྱུང་གིན་ཡོད་མེད་མ་ཤེས་ཏེ། རང་གིས་རང་ཉིད་ཀྱི་སེམས་ཁམས་དཀྲུགས་པ་དང་། བསམ་པ་ཇེ་ངན་དུ་གྱུར་པ། མི་གཞན་པ་སྐྱོན་ཅན་དུ་མཐོང་གིན་ཡོད་པའི་དབང་གིས་རང་གཞན་གཉིས་ཀའི་སེམས་ལ་མི་བདེ་བ་བཟོ་བཞིན་འདུག རང་སེམས་ཀྱི་ངོ་བོ་ལེགས་པོ་ཞིག་རྟོགས་ན། ལུས་དང་གྲིབ་མ་བཞིན་དུ་རང་གི་བདེ་སྡུག་ནི་རང་རྒྱུད་ལ་རྟག་ཏུ་ཡོད་པ་ཤེས་ནས། གཞན་ལ་གུ་ཡངས་བྱེད་དགོས་པ་དང་། མཛའ་བརྩེ་འཆང་དགོས་པ། འཇིག་རྟེན་གྱི་སྐྱེ་དངོས་ཐམས་ཅད་ལ་མཛེས་སྡུག་གི་རྣམ་པ་དང་རིན་ཐང་རེ་ཡོད་པ་ཡང་ཤེས་སྲིད། 


སྐྱེ་བོ་མཛེས་པོ་ལ་ཆགས་པ་དང་། སྐྱེ་བོ་བཙོག་པ་ལ་སྡང་བ། སྐྱེ་བོ་བཙན་པོ་ལ་ངོ་དགའ། སྐྱེ་བོ་ཉམ་ཆུང་ལ་ཐུབ་ཚོད་བྱེད་པ་སོགས་ཀྱི་ཁྱད་པར་གཏོད་པ་ནི། རང་གི་བདེ་སྡུག་གཞན་ལ་རག་ལས་ཡོད་པ་དང་། རང་གིས་རང་ཉིད་འདོར་ཚུལ་ཞིག་རེད། དངོས་པོ་ཀུན་གྱི་རང་བཞིན་རྟོགས་མཁན་ཞིག་ཡིན་ན། རང་གིས་རང་ཉིད་ཀྱི་ནུས་པ་ལ་བརྟེན་ཏེ་བྱ་བ་བྱེད་པ་དང་། སེམས་རྒྱ་ཆེ་ཞིང་བསམ་པ་བཟང་བའི་སྒོ་ནས། སྐྱེ་བོ་ཀུན་ལ་འཛེམ་དོགས་མེད་པར་འགྲོགས་ཤིང་མཐུན་པོར་བྱེད་མཁན་ཞིག་རེད་འདོད།


མི་གཞན་ཞིག་གིས་རང་ལ་མི་དགའ་བའི་བྱ་བ་རེ་བྱེད་ཡོང་དུས་སུ། མི་ཕལ་ཆེ་བ་སྤྲོ་ལངས་སྲིད་པ་རེད། སྤྲོ་ལངས་པའི་རྣམ་འགྱུར་དེས་གཞན་གྱི་བྱ་སྤྱོད་དེ་འགོག་མི་ནུས་པར་མ་ཟད། རང་གིས་རང་ལ་བཟོད་བསྲན་མི་ནུས་པའི་མི་བློ་དོག་ཅན་ཞིག་གི་མིང་ངན་བཏགས་ཚར་བ་རེད། གལ་ཏེ་མི་གཞན་ཞིག་གིས་རང་ལ་མི་དགའ་བའི་བྱ་བ་རེ་བྱེད་ཡོང་དུས་སུ། བྱ་སྤྱོད་དེ་སྣང་མེད་དུ་བཞག་ན། རང་དང་བྱ་སྤྱོད་དེ་གཉིས་བར་ལ་འབྲེལ་བ་མེད་པར་བཟོས་ཡོད་པས། གཞན་གྱི་བྱ་བ་དེས་ནུས་པ་ཡང་ཐོན་མེད་པ་རེད།


རང་སེམས་ནང་གི་སྡུག་གཏམ་དང་དགའ་གཏམ་བཤད་སའི་བློས་ཐུབ་ཀྱི་མི་བཟང་པོ་ཞིག་མེད་ན། རང་སེམས་ནང་ལ་བདེ་སྡུག་ཚོར་བ་གང་བྱུང་དེ་དག་མི་གཞན་ལ་གང་འདོད་དུ་བཤད་མི་ཉན་ལ། བཤད་ཀྱང་ཕན་འབྲས་ཆུང་བ་རེད། མི་ཕལ་ཆེ་བས་གཞན་གྱི་བདེ་སྡུག་ལ་དོ་སྣང་ཆེན་པོ་བྱེད་བཞིན་མེད། གཞན་གྱིས་རང་ལ་དོ་སྣང་བྱེད་ཆེ་ཤོས་ཤིག་ནི་རང་གི་སྐྱོན་ཆ་དེ་ཚོ་ཡིན། རང་གི་སྐྱོན་ཆ་མཐོང་ཐོས་བྱུང་བ་ཕལ་ཆེ་བ་ནི་གཞན་གྱིས་སྦ་གསང་མ་བྱས་ནས་སྒྲོག་ངེས་ཡིན། 


མི་ཕལ་བ་ལས་བརྒལ་བའི་སྐྱེ་བོ་དག་གི་བྱ་སྤྱོད་ལ་སློབ་སྦྱོང་བྱེད་ས་མང་པོ་འདུག  ཁོ་ཚོས་རང་ལ་ཡོད་པ་དག་གཞན་ལ་ངོམ་རྒྱུ་དང་། གཞན་ལ་ཡོད་པ་དག་ལ་མཐོང་ཆུང་མི་བྱེད་ན་ཡང་། ཁོ་ཚོའི་བྱ་བ་དང་སྤྱོད་པས་མི་མང་པོའི་སེམས་པ་དབང་མེད་དུ་འགུག་གིན་ཡོད་ལ། ཁོ་ཚོས་མི་གཞན་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཀྱང་མ་ངོམས་རང་བཞིན་གྱིས་སྟོན་ཐུབ་བཞིན་འདུག 


མི་གཞན་གྱིས་རང་ཉིད་ནི་མི་བཟང་ངན་གང་གི་གྲལ་དུ་འཇོག་མིན་དང་། མི་གཞན་པ་ཁོ་ནའི་ཆེད་དུ་བསམ་བློ་བཏང་ནས་བྱ་བ་སྒྲུབ་པ་དེ་ཡང་ཡག་པོ་ཞིག་མ་རེད། གལ་ཏེ་རང་ཉིད་མི་ཡང་དག་པ་ཞིག་བྱེད་འདོད་ན། རང་གི་བློ་རིག་མི་གཞན་པ་ཁོ་ནའི་སྟེང་དུ་སྒྲིམ་རྒྱུ་མ་ཡིན་པར། ངེས་པར་དུ་རང་ཉིད་ཀྱི་སྟེང་ལ་བློ་རིག་སྒྲིམ་དགོས་པ་རེད་འདུག  སྒེར་སེམས་ཆེ་དགོས་ཟེར་བ་མིན་ཏེ། རང་སེམས་ལ་བསམ་བློ་བཏང་ནས་གཞན་དོན་སྒྲུབ་ན་བྱ་བ་ཡག་པོ་ཞིག་སྒྲུབ་ཐུབ་པ་རེད་འདོད། རང་སེམས་ཀྱི་ངོ་བོ་རྟོགས་ནས་བསམ་ཤེས་ཅན་དུ་འགྱུར་ཚུལ་ཡང་དེ་འདྲ་རེད་འདོད།

ཅེས་ཀྱང་རྒྱལ་འཇམ་གྱིས་ ༢༠༢༠་༠༨་༠༥ ཉིན་གྱི་ས་སྲོད་དུ་བྲིས།

 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།