རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 12 August 2020

རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒོ་ནས་བཀྲ་ཤིས་སྤེལ་བའི་སྨོན་ཚིག

མཛད་པ་པོ། དོལ་པོ་བླ་མ་ཤཱཀྱ་རིན་པོ་ཆེ།


༄༅      །རྙིང་མའི་ཐུན་མོང་མ་ཡིན་པ་གཞན་དུ་གྲགས་མ་མྱོང་འི་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒོ་ནས་བཀྲ་ཤིས་སྤེལ་ཚིག་ནི།      དེ་ཡང་དོལ་པོ་ཤཱཀྱར་འབོད་པའི་བླ་དྭགས་མིང་ཅན་ནས་ཐོག་མར་ཡེ་གཞི་གདོད་མའི་གཤིས་ཀློང་ནས་རང་བྱུང་རང་ཤར་ཆེན་པོའི་རང་ངོའི་འདུག་ཚུགས་མ་ཤོར་འི་ངང་ནས།    གུ་རུ་པདྨའི་སྐུ་འཁྲུངས་ཚེས་བཟང་པོ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་ལ་ལེགས་སྐྱེས་ཀྱི་ཚུལ་དུ་བདེ་ལེགས་ཞུ་ཚིག་རྫོགས་པ་ཆེན་པོའི་སྤྲུལ་སྐུ་སྟོན་པ་བཅུ་གཉིས་ཀྱི་མཚན་དོན་དང་སྦྱར་ནས་དེ་རིང་གི་ཚེས་བཅུ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ནི།

               

ཀ༽

། 

ནང་གསལ་གཞོན་ནུ་བུམ་སྐུའི་ཞིང་ཁམས་ན།།

ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན།།

ཁྱད་ཆོས་དྲུག་ལྡན་དབྱིངས་སུ་སངས་རྒྱས་པ།།

ཆོས་སྐུ་ཀུན་བཟང་ཡབ་ཡུམ་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཁ༽  

ལྷུན་གྲུབ་ངེས་པ་ལྔ་ལྡན་ཞིང་ཁམས་ན།།

མཚན་རྫོགས་དཔེ་བྱད་ཡོན་ཏན་འབར་བའི་དཔྱིད།།

ཁ་སྦྱར་བདེ་ཆེན་ཡན་ལག་བདུན་གྱི་དངོས།།

ལོངས་སྐུ་རིགས་ལྔའི་སངས་རྒྱས་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ག༽  

རིགས་བརྒྱ་རིགས་ལྔ་གསང་ཆེན་རྡོ་རྗེ་འཛིན།།

རྒྱལ་ཀུན་ཐུགས་མཆོག་ཡེ་ཤེས་སྙིང་པོ་ཅན།།

འབུམ་ཕྲག་དྲུག་ཅུའི་བཀའ་ཡི་བསྡུ་བ་མཛད།།

སྤྲལ་སྐུ་རྡོ་རྗེ་སེམས་དཔའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ང༽

དགའ་ལྡན་བརྩེགས་པར་ཚེ་ལོ་དཔག་མེད་དུས།།

རང་སྣང་སྤྲུལ་པའི་སངས་རྒྱས་སྟོང་རྩ་ལ།།

ཐལ་འགྱུར་རྩ་རྒྱུད་ཆོས་ཀྱི་འཁོར་ལོ་བསྐོར།།

ཁྱེའུ་སྣང་བ་དམ་པའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཅ༽

མི་མཇེད་འཇིག་རྟེན་ཚེ་ལོ་བྱེ་བའི་དུས།།

མཁའ་འགྲོའི་འཁོར་ལ་བསྟན་པ་སྐུ་གསུང་ཐུགས།།

ཡོན་ཏན་ཕྲིན་ལས་རྒྱུད་ཀྱི་ཆོས་འཁོར་བསྐོར།།

སྟོན་པ་འོད་མི་འཁྲུགས་པའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཆ༽   

དྲོད་གཤེར་འདུས་པར་ཚེ་ལོ་འབུམ་པའི་དུས།།

སེམས་དཔའི་འཁོར་ལ་རྒྱུད་གསུམ་གསང་བ་ཆེ།།

ཟུར་ཕུད་གསུམ་པའི་སྐད་ཀྱིས་ཆོས་འཁོར་བསྐོར།།

སྟོན་པ་འཇམ་དཔལ་འཇིགས་སྐྱོབས་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཇ༽

ཆགས་འབྱུང་མངལ་སྣང་ཚེ་ལོ་བརྒྱད་ཁྲིའི་དུས།།

གནོད་སྦྱིན་འཁོར་ལ་བསྟན་པ་རྒྱུད་ལྔ་དང་།།

ཡན་ལག་རྒྱུད་དྲུག་ཆོས་སྟོན་གཞོན་ནུ་རོལ།།

རྣམ་པར་བརྩེ་བ་སྟོན་པའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཉ༽

འཚོ་བྱེད་ལྡུམ་རར་ཚེ་ལོ་བདུན་ཁྲིའི་དུས།།

རབ་བདུན་འཁོར་ལ་ཕར་ཕྱིན་དྲུག་ལ་སོགས།།

ཞི་བ་བསིལ་བའི་ཆོས་ཆར་འབེབས་མཛད་པ།།

དྲུག་པ་རྡོ་རྗེ་འཆང་ཆེན་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཏ༽ 

མེ་རི་འབར་བར་ཚེ་ལོ་དྲུག་ཁྲིའི་དུས།།

སྤྲིན་གྱི་ཤུག་འཆང་སེམས་དཔའི་འཁོར་རྣམས་ལ།།

ཕ་མ་བླ་མེད་རྒྱུད་ཀྱི་ཆོས་སྟོན་པ།།

གཞོན་ནུ་དཔའ་བོ་སྟོབས་ལྡན་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།

 

ཐ༽

རུ་ལུའི་སྒྲ་ལྡན་ཚེ་ལོ་ཁྲི་པའི་དུས།།

སྲིན་པོའི་རིག་འཛིན་བྱེ་བ་ཕྲག་གཅིག་ལ།།

རགས་པ་འདུལ་བའི་རྒྱད་བཅུའི་ཆོས་འཁོར་བསྐོར།།

དྲང་སྲོང་ཁྲོས་པའི་རྒྱལ་པོའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ད༽

བྱ་རྒོད་ཕུང་པོར་ཚེ་ལོ་ལྔ་སྟོང་དུས།།

རྫུ་འཕྲུལ་ལྡན་པའི་ཉན་ཐོས་འཁོར་རྣམས་ལ།།

དམ་ཆོས་འདུལ་བ་དཔག་ཏུ་མེད་པ་གསུངས།།

དགྲ་བཅོམ་གསེར་འོད་དམ་པའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ན༽

གཡུ་ཡི་སྨིན་གནས་ཚེ་ལོ་སྟོང་གི་དུས།།

སར་གནས་འཁོར་ལ་འཕྲ་རྒྱུད་བདུན་ལ་སོགས།།

ཟབ་པ་ཞི་བའི་ཆོས་ཀྱི་ཚིམ་མཛད་པ།།

བརྩེ་བ་རོལ་པའི་བློ་གྲོས་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


པ༽

བྱ་རྒོད་སྤུངས་པོར་ཚེ་ལོ་ལྔ་བརྒྱའི་དུས།།

ཁམས་གསུམ་དགྲ་བཅོམ་འཕགས་པའི་འཁོར་རྣམས་ལ།།

མདོ་སྔགས་ཟུང་འཇུག་ཆོས་ཀྱི་འཁོར་ལོ་བསྐོར།།

སྟོན་པ་འོད་སྲུང་བགྲེས་པོའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཕ༽

བྱང་ཆུབ་འབྱུང་བར་ཚེ་ལོ་སུམ་བརྒྱའི་དུས།།

རིགས་གསུམ་མགོན་པོ་སྤྲུལ་པའི་འཁོར་ཚོགས་ལ།།

ངེས་པ་དོན་གྱི་སྙིང་པོ་ཆོས་ཆར་འབེབས།།

སྟོན་པ་མངོན་རྫོགས་རྒྱལ་པོའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


བ༽

ཟས་སྦྱིན་ར་བར་ཚེ་ལོ་བརྒྱ་བའི་དུས།།

རྣམ་བཞི་འཁོར་ལ་བདེན་བཞིའི་ཆོས་འཁོར་བསྐོར།།

འགྲོ་རྣམས་ཡང་དག་ལམ་དུ་དྲངས་མཛད་པ།།

སྟོན་པ་ཤཱཀྱ་ཐུབ་པའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


མ༽

འཛམ་གླིང་ནུབ་ཕྱོགས་ཨོ་རྒྱན་རྒྱལ་ཁབ་ནང་།།

སིནྡྷུ་རྒྱ་མཚོར་རོལ་ས་འཇོག་པོའི་སྟེང་།།

དྲི་མེད་པདྨར་རྫུ་འཕྲུལ་བཀོད་པས་འཁྲུངས།།

སྤྲེལ་ཟླའི་ཚེས་བཅུའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།

 

ཙ༽

རྔ་ཡབ་དཔལ་རི་པདྨ་འོད་གླིང་གི།

རིང་ལུགས་འཛིན་པ་གཙོར་སྟོན་འཛམ་གླིང་འདིར།།

ལེགས་དགུ་སྤྱད་སྤེལ་ཕན་བདེའི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཚ༽

བསྟན་དང་བསྟན་འཛིན་གང་ན་སུ་བཞུགས་པ།།

སངས་རྒྱས་ཆོས་དང་གཞན་ཡང་རིས་མེད་པའི།

བཟང་པོར་སྤྱད་མཛད་ཀུན་གྱི་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ།།


ཛ༽

བཀྲ་ཤིས་དཔལ་གྱི་ས་གསུམ་ཀུན་ཁྱབ་ཕྱིར།།

མཚམས་འདྲིའི་སྐྱེལ་བཟང་རྫོགས་ཆེན་སྟོན་པའི་གཏམ།།

ཐེག་མཆོག་མཛོད་ནས་ཚིག་སྒྱུར་ལེགས་བཀྲམ་བཀྲ་ཤིས་གང་ལགས་པ།།

བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།   །།



No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།