[ཝཱ་ཎཱ་གཙུག་ལག་སློབ་གྲྭ་ཆེན་མོའི་གསར་ཞུགས་འཛིན་གྲྭའི་དབྱར་ཆོས་ཟབ་སྦྱོང་གི་གཏམ་བཤད།]
| རྩོམ་པ་པོ། བེ་རི་འཇིགས་མེད། |
སྔོན་དུ་གླེང་བ།
རྟོག་འཆར་བློ་ཡིས་བསྐྲུན་པའི་རི་མོ་དང་།།
ལོ་འདིའི་གསར་ཞུགས་མཐོ་སློབ་ཀྱི་སློབ་མ་ཚོར། ཆེས་ཐོག་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། ཟབ་སྦྱོང་གོ་སྒྲིག་པའི་རེ་དགོངས་བཞིན། ལྷན་རྒྱས་རྣམ་པར་གུས་པས། «རྩོམ་ཡིག་འབྲི་ཐབས་དང་དེའི་ཕན་འབྲསསྐོར་»རགས་ཙམ་ཞིག་ཞུ་འདོད་བྱུང་།
རྩོམ་ཡིག་ནི་མི་རིགས་གང་ཞིག་གི་སྐད་ཡིག་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཤིག་ཡིན།
རིག་པའི་གཞུང་ལུགས་འདི་ལྷའི་བྱིན་རླབས་དང་འདྲེའི་ཆོས་འཕྲུལ་གཉིས་ལས་འགོང་བ་ཞིག་ཡིན།
དེ་ནི་མ་བསླབ་ན་ཡང་ཤེས་པའི་ལས་སླ་བའི་ཤེས་བྱ་ཞིག་མིན་ལ། བསླབ་ན་ཡང་མི་ཤེས་པའི་གསང་བ་ལྐོག་གྱུར་གྱི་ཤེས་བྱ་ཕྲ་མོ་ཞིག་ཀྱང་མིན།
ཤེས་བྱའི་རང་བཞིན་སྤྱིའི་རང་གཤིས་ལྟར། བསླབ་ན་ཤེས་ཤིང་མ་བསླབ་ན་མི་ཤེས་པའི་རྟེན་འབྲེལ་ལྟོས་གྲུབ་ཀྱི་ཆོས་ཉིད་དང་འབྲེལ་བ་ཡོད་པའི་ཤེས་བྱ་ཞིག་ཡིན།
དེར་བརྟེན་རྩོམ་ཡིག་ནི་བསླབ་པ་ལ་བརྟེན་ནས་ཤེས་དགོས་པའི་ཤེས་བྱ་ཞིག་ཡིན།
གཅིག རྩོམ་ཡིག་འབྲི་ཐབས་ཀྱི་ཆ་རྐྱེན་དང་པོ།
ཤེས་བྱ་ཐམས་ཅད་ལ་རང་རང་གི་བསླབ་བྱའི་འཇུག་སྒོ་རེ་ཡོད་པ་ནི་བཤད་མ་དགོས་པ་ཡིན།
དཔེར་ན་ནང་པའི་འཇུག་སྒོ་སྐྱབས་འགྲོ་དང་། ལམ་གྱི་འཇུག་སྒོ་ངེས་འབྱུང་། ཐེག་པ་ཆེན་པོའི་འཇུག་སྒོ་བྱང་ཆུབ་ཀྱི་སེམས།
སྔགས་ཀྱི་འཇུག་སྒོ་དབང་། སྒྲའི་འཇུག་སྒོ་འཚམས་སྦྱོར་ལྔ་པ་ཡིན་པ་ལྟར། རྩོམ་གྱི་འཇུག་སྒོ་ནི་ལུས་ཡིན།
ལུས་ཟེར་བ་ནི། མི་ལྟ་བུར་ཆ་མཚོན་ནས་ཞུས་ན་སྲོག་གི་དབང་པོ་གང་ལ་བརྟེན་སའི་མགོ་དང་རྐང་ལག་སོགས་གཟུགས་པོའི་ཆ་ཤས་ཡོངས་རྫོགས་ལ་ལུས་ཟེར།
དཔེ་དེ་བཞིན་རྩོམ་ཡིག་གཅིག་ལ་ཆ་མཚོན་ན། བརྗོད་དོན་གྱི་སྲོག་རྩ་གང་ལ་བརྟེན་པའི་མིང་ཚིག་ཡི་གེ་རེ་རེ་བཞིན་རྩོམ་ཡིག་དེའི་ལུས་ཡིན།
མིའི་ལུས་ཀྱི་ཆ་ཤས་ལ་མགོའི་སྐྲ་ཉག་དང་རྐང་ལག་གི་མཛུབ་མོ་ཚུན་ཆད་ཚུད་པ་ནང་བཞིན། རྩོམ་ལུས་ཀྱི་ཆ་ལག་ལའང་།
ཀ་སོགས་དབྱངས་གསལ་རེ་རེ་བཞིན་རྩོམ་ཡིག་དེའི་ལུས་ཀྱི་ཆ་ཤས་ཡིན་ལ་དེ་དག་ཚོགས་པའི་མིང་དང་།
མིང་ཚོགས་པའི་ཚིག་དང་། ཚིག་གི་བརྗོད་པ་ཡོངས་རྫོགས་ལ་ལུས་ཟེར་བ་ཡིན།
རྩོམ་ལུས་ཀྱི་གོམ་པ་དང་པོ་དེ་ཚིག་ལྷུག་ནས་སྤོ་དགོས། ལུས་ལ་དབྱེ་བའི་རྣམ་གྲངས་མང་ནའང་། བོད་ལ་ཉེ་བར་མཁོ་བ་དང་རྩོམ་རིག་ལ་ཐོག་མར་འཇུག་སའི་ལུས་ནི།
བཅད་ལྷུག་སྤེལ་མ་གསུམ་གྱི་ནང་ནས། ཚིག་ལྷུག་སྟབས་བདེའི་རིགས་ལ་བརྟེན་ནས་བསླབ་དགོས། དེ་ཡང་བརྡ་རྙིང་དང་མངོན་བརྗོད་སོགས་མི་དགོས་པར་གཙོ་ཆེ་བ་སྡེབ་སྦྱོར་སྒྲིག་སྟངས་ལྷུ་འགྲིག་པོ་གནང་རྒྱུ་དེ་ཨང་དང་པོ་ཡིན།
དཔེ་མཚོན་ཙམ་བཀོད་ན། ʺཟླ་བ་འདིའི་ནང་ཚ་བ་ལྷག་པར་ཆེ་བས། དགེ་སློབ་ཚོའི་གདོང་ངོས་ནས་རྔུལ་ནག་མི་རྒྱག་མཁན་སུ་གཅིག་མི་འདུག
འཛིན་གྲྭ་ཚོགས་ཐེངས་རེ་རེ་བཞིན་སློབ་དེབ་ཀྱང་བརླན་པ་བརླན་རྐྱང་ཆགས་འགྲོ་གི་འདུགʺ ལྟ་བུའི་ཚིག་ལྷུག་འདིའི་ནང་བརྡ་རྙིང་དང་།
མངོན་བརྗོད། ཚིག་རྒྱན་རིགས་མེད་ཀྱང་། སྡེབ་སྦྱོར་ལྷུ་འགྲིགས་པས་ཀློག་བདེ་ཞིང་གོ་སླ་བ་དང་ཉན་སྤྲོ་བའི་ཁྱད་ཆོས་ལྡན།
རྩོམ་ལུས་ཀྱི་གོམ་པ་གཉིས་པ་དེ་ཚིག་བཅད་ཐོག་སྤོ་དགོས། དེ་ཡང་ཚིགས་བཅད་ནི་རྐང་པའི་བཅད་མཚམས་མཉམ་པའི་ཚིག་སྦྱོར་ལ་ཟེར་བ་ཡིན།
ཚིགས་བཅད་འབྲི་བ་ནི་ཚིགས་ལྷུག་ལས་སྒྲིག་འཛུགས་དམ་པས་ཅུང་ཟད་ཁག་པ་ཡིན། དེ་ཡང་ཚེག་བར་གསུམ་པ་ནས་མགོ་བཙུགས་ཏེ་བཅོ་ལྔའི་བར་དུ་ངེས་པར་དུ་བསླབ་དགོས།
སྡེབ་སྦྱོར་གྱི་འགྲོས་འདི་སྔོན་དུ་མ་སོང་བའི་དབང་གིས། མཐོ་རིམ་རབ་འབྱམས་པའི་མཚན་སྙན་ཡོད་མཁན་མི་ཉུང་བ་ཞིག་གི་ཞལ་ཁྱིམ་པདྨའི་འདབ་ལྟར་གྲོལ་བའི་གསུང་བཤད་ཀྱི་དྲི་བསུང་གང་སར་འཐུལ་ནའང་།
རིག་པ་དཔེ་ཐོག་འགོད་པའི་ལག་པ་དགུན་ཤིང་སྐམ་པའི་ཡལ་ག་ནང་བཞིན་ཆགས་པའི་དཔེ་མཚོན། གནམ་གྱི་མཐའ་ལ་ལྟ་མི་དགོས་པར་མིག་གི་མདུན་ནས་མཐོང་ནུས་པའི་ལོ་རྒྱུས་འདི་བྱུང་བ་ཡིན།
ཚིགས་བཅད་སྡེབ་སྦྱོར་ཐོག་མར་བསླབ་པའི་སྐབས་ཀྱང་།བརྡ་རྙིང་དང་མངོན་བརྗོད། ཚིག་རྒྱན་བཅས་གལ་མི་ཆེ།
གཙོ་བོ་ཚིག་གི་སྡེབ་སྦྱོར་ལྷུ་འགྲིགས་པ་དེ་རྩ་འཛིན་ནན་ཆེར་བཟོ་དགོས། དཔེ་མཚོན་ཙམ་བཀོད་ན།
ʺཟླ་བ་འདི་ཡི་ནང་ལ། །ཚ་བ་ལྷག་པར་ཆེ་བས།
།དགེ་སློབ་ཡོངས་ཀྱི་ཞལ་ནས། །རྔུལ་ནག་ཐིགས་པ་བརྒྱབ་སོང་། །ʺལྟ་བུའི་སྟབས་བདེའི་སྡེབ་སྦྱོར་འདི་འདྲ་བ་ལ་བྱང་ཆུབ་པར་གནང་དགོས།
རྩོམ་ལུས་ཀྱི་གོམ་པ་གསུམ་པ་དེ་སྤེལ་མའི་ལུས་ཡིན།
དེ་ནི་ཚིགས་བཅད་ལྷུག་གཉིས་བསྲེས་ནས་འབྲི་བའི་རྩོམ་ཡིག་གི་ལུས་ཤིག་ཡིན། དེ་ཡང་བརྡ་རྙིང་དང་མངོན་བརྗོད།
ཚིག་རྒྱན་སོགས། གཙོ་མི་ཆེ་བར་ཐོག་མར་སྡེབ་སྒྲིག་སྟངས་ལྷུ་འགྲིག་པོ་ཞིག་དགོས། དཔེ་མཚོན་ཚམ་བཀོད་ན།
ʺགནས་མཆོག་ཝཱརཱཎསཱི་དྲང་སྲོང་ལྷུང་བའི་ནགས་འདབ་ན་ཆགས་པའི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་།
གསར་ཞུགས་སློབ་མ་ཚོར་ཟབ་སྦྱོང་གི་གོ་སྐབས་གནང་བ་ནི། ཆེས་ཐོབ་དཀའ་བའི་མི་ཚེའི་ནང་དོན་སྙིང་ལྡན་པའི་གོ་སྐབས་རྩ་ཆེན་ཞིག་རེད།
དགེ་རྒན་མཁས་པ་དུ་མ་ཡིས། །གསུང་བཤད་ཟབ་སྦྱོང་གོ་སྐབས་འདི༎
རིན་ཆེན་གསེར་ལས་ཐོབ་དཀའ་ཡང་། །དེ་རིང་ཐོབ་པ་སྐལ་བ་བཟང་༎
རྩ་ཆེའི་ཟབ་སྦྱོང་གི་གོ་སྐབས་འདི་ངས་དམ་འཛིན་ནན་པོར་བྱས་ཆུ་ཟོད་དུ་མི་གཏོང་བར་བློ་རིག་སྒྲིམ་ནས་ཉན་པ་ཡིན།ʺ ལྟ་བུ།
གོང་གསལ་རྩོམ་ལུས་གསུམ་གར་བརྡ་རྙིང་དང་མངོན་བརྗོད།
ཚིག་རྒྱན་སོགས་ཀྱི་མ་སྤྲས་ཀྱང་། ཀློག་བདེ་ལ་ཉན་སླ་བ། དོན་གསལ་ལ་སྡེབ་ལེགས་པའི་ཁྱད་ཆོས་རང་བཞིན་གྱི་ཐོན་ཡོད།
མདོར་ན་རྩོམ་རིག་ལ་བསླབ་སྟངས་ནི་གནམ་ལ་ལག་སྟོང་གཡུག་པ་ལྟར་མིན་པར། ས་ལ་རྐང་པ་འཛུགས་པ་དང་འདྲ་བར་གོམ་པ་རེ་རེ་ནས་མདུན་བསྐྱོད་གནང་དགོས།
སྡེབ་སྦྱོར་གྱི་རྐང་པ་བཙུགས་ལོང་མེད་པར། ཚིག་རྒྱན་གྱི་གཤོག་རྫུན་བསྒར་ནས་གནམ་འཕང་གཅོད་འདོད་བྱེད་པ་ནི།
གཞན་སེམས་འགུག་པའི་རྩོམ་ཡིག་འབྲི་རྒྱུའི་ཚབ་ཏུ། རང་མགོ་རྡོ་ལ་བརྡབས། ཁ་སྣ་ས་སུབས་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཡང་འདི་ཉིད་ཡིན།
འབྱུང་རྐྱེན་འདིས་རྨ་ཁ་བྱས་པའི་རྨས་མ་ནི་ཉུང་ཉུང་མིན་ལ། ཁོར་ཡུག་འདིའི་རྩོམ་རིག་གི་དར་རྒུད་ལ་དཀར་ནག་གི་གདོང་རིས་ཇི་ལྟར་གསལ་བ་ཡང་ཚོད་ཐིག་འདིས་གསལ་བཤད་བྱེད་ངེས་ཡིན།
གཉིས། རྩོམ་ཡིག་འབྲི་ཐབས་ཀྱི་ཆ་རྐྱེན་གཉིས་པ།
དེ་ལྟར་རྩོམ་ལུས་བཅད་ལྷུག་སྤེལ་མ་གསུམ་ལ།
ལག་པ་བྱང་ནས་དཀའ་ངལ་མེད་པར་ཆགས་ཚར་རྗེས། བརྗོད་གཞིའི་སྲོག་ལ་ནན་ཏན་བྱས་ནས་བསླབ་དགོས།
དེ་ནི་སྙན་ངག་མེ་ལོང་མར། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །སོགས་དཔེ་མཚོན་བཅོ་བརྒྱད་ཙམ་གྱི་སྒོ་ནས་བྲིས་ཡོད།
དེས་ན་སྲོག་ནི། ཚིག་སྦྱོར་གང་ཞིག་གི་རང་བཞིན་ཡིན་ཡང་། དེའི་བརྗོད་དོན་ལ་སྲོག་ཟེར་བ་ཡིན།
དེ་ལ་ཆོས་དང་ཐར་པ་འདོད་པ་ནོར་བཞིར་དབྱེ་ནས་བཤད་ཡོད། དེའི་ནང་ཤེས་བྱ་ཐམས་ཅད་འདུ་བ་ཡིན།
མདོར་ན་ཤེས་བྱ་ཐམས་ཅད་རྩོམ་ཡིག་གི་བརྗོད་གཞི་ཡིན། དེ་དག་ལ་ཁོར་ཡུག་དང་། སྐྱེ་དངོས།
སྲོག་ཆགས། ནམ་དུས།དཔལ་ཡོན་སོགས་ཀྱི་སྒོ་ནས་སྡེ་ཚན་དུ་མ་དབྱེ་ཞིང་། དེ་དག་ལས་ཁོར་ཡུག་ལྟ་བུ་གཅིག་ཁོ་ན་ལ་ཆ་མཚོན་ན།
གངས་རི་དང་རྫ་རི། སྤང་རི་དང་བྲག་རི། མཚོ་དང་མཚེའུ། གཙང་པོ་དང་ཆུ་ཕྲན། ཤིང་ནགས་དང་སྤང་ལྗོངས།
རྩི་ཤིང་དང་མེ་ཏོག་སོགས་སྡེ་ཚན་ཞིབ་ཚགས་ཕྱེས་ནས། དེ་དག་རེ་རེ་བཞིན་བརྗོད་གཞིར་བཟུང་ནས་རྩོམ་རིག་འབྲི་སྟངས་བསླབ་དགོས།
དཔེ་མཚོན་ཙམ་བཀོད་ན།
ʺབོད་གངས་ཅན་པའི་ཞིང་ཁམས་ནི།
གངས་རི་དང་རྫ་རི། སྤངས་རི་དང་ནགས་རི་ཤིན་ཏུ་མང་ཞིང་། སྟོད་ཀྱི་ཆུ་བོ་ཆེན་པོ་བཞི་དང་།
སྨད་ཀྱི་ཆུ་བོ་ཆེན་པོ་བཞི་འབབ་སའི་ཆུ་མགོ་ཡང་བོད་ནས་ཡིན།ʺ ལྟ་བུའོ༎ ཡང་ན།
གསུམ། རྩོམ་ཡིག་འབྲི་ཐབས་ཀྱི་ཆ་རྐྱེན་གསུམ་པ།
དེ་ལྟར་རྩོམ་ཀྱི་ལུས་བཅད་ལྷུག་སྤེལ་མ་ལ་གོམས་ཤིང་།
བརྗོད་གཞིའི་སྲོག་གི་ཤེས་བྱ་མི་ཉུང་བ་ཞིག་ལ་འགྲུས་པའི་གོམ་སྟབས་གཉིས་པོ་དེ་ཉིད། འགྲོ་བ་ནས་རྒྱུགས་པའི་མྱུར་ཚད་ལ་སླེབས་པའི་ཆེད་དུ།
རྩོམ་ཡིག་སྦྱོང་བརྡར་གྱི་ཆ་རྐྱེན་གསུམ་པ་དེ། ཉིན་རེའི་འཚོ་བ་དངོས་དང་འབྲེལ་བའི་ཉིན་ཐོ་དང་།
ཉིན་རེའི་སློབ་ཚན་དང་འབྲེལ་བའི་ཟིན་ཐོ་སྤེལ་རྒྱུ་དེ་ཡིན། དེ་ཡང་དང་པོ་ནི། ཉིན་རེའི་ལོ་ཟླ་ཞག་དུས་དང་བཟའ་སྐར། གནམ་གཤིས་འགྱུར་ལྡོག་དང་།
ཉིན་རེའི་འཚོ་བ་བཅས་རྩ་འཛིན་བྱས་ནས་འབྲི་དགོས། དཔེ་མཚོན་ཙམ་བཀོད་ན།
ʺསྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣
རེས་གཟའ་སྤེན་པ། ཞོགས་པ་སྤྲིན་ནག་འཁྲིགས། ཉིན་གུང་ཆར་པ་ཟལ་ཟིལ་འབབ། ཉིན་རྒྱབ་ཉི་མ་ཤར།
མཐོ་སློབ་གསར་ཞུགས་ཀྱི་སློབ་མ་ཚོར་ཉིན་སྦྱོང་ཉིན་གཉིས་པ་དེ་ཚོགས། གཏམ་བཤད་པ་དགེ་རྒན་དྲུག་ཕེབས།
ཆོས་རིགས། ལོ་རྒྱུས། རྩོམ་རིག་སོགས་ཀྱི་ཤེས་བྱའི་རྣམ་གྲངས་མང་པོ་གསུང་བ་རྣམས་ཉན་རྒྱུའི་གོ་སྐབས་རགʺ ལྟ་བུ།
ཉིན་རེའི་སློབ་ཚན་དང་འབྲེལ་བའི་ཟིན་ཐོ་ནི། ཉིན་ལྟར་འཛིན་གྲྭ་ཚོགས་དུས་ཀྱི་སློབ་ཚན་མི་འདྲ་རེ་རེ་བཞིན་སློབ་ཁྲིད་སྐབས་དོན་སྙིང་ཟིན་ཐོར་འགོད་པ་དེ་ལ་ཟེར།
རྒྱལ་རབས་སློབ་ཚན་ལྟ་བུར་དཔེར་མཚོན་དུ་བཀོད་ན།
ʺརྒྱལ་རབས་སློབ་ཚན་གཉིས་པའི་ཟིན་ཐོ།
སྲོང་བཙན་སྒམ་པོ། སྤྱི་ལོ་ ༦༡༧ ལོར་འཁྲུངས། ༦༥༠ ལོར་འདས། བོད་གཅིག་གྱུར་གྱི་རྒྱལ་ཁབ་ཐོག་མར་འཛུགས་མཁན་དེ་ཡིན།
ཁོང་གི་མི་ཚེ་ནང་གི་མཛད་རྒྱས་དང་པོ། རྒྱལ་སྲིད་བཟུང་ནས་ནང་ཁུལ་ཞེད་འཇགས་བཏང་པ། གཉིས་པ།
ཐོན་མི་རྒྱ་གར་མངགས་ནས་བོད་ཡིག་གསར་བཟོ་གནང་བཅུག་པ། གསུམ་པ། རྒྱ་བལ་གྱི་བུ་མོ་གནའ་མར་བསུས་ནས་རྒྱ་ཁབ་ཕན་ཚུན་བཟང་ཕྱོགས་ཀྱི་འབྲེལ་བ་བཙུགས་པ།
བཞི་པ། ཇོ་ཤཀ་རྣམ་གཉིས་གདན་ཞུས་དང་། ལྷ་ཁང་དུ་མ་བརྩེགས། གསུང་རབ་བོད་བསྒྱུར་གྱི་མགོ་འཛུགས་བྱས་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ།
ལྔ་པ། ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་རྩ་ཁྲིམས་བཅས་ཚགས་ཚུད་དོ་ནན་གྱི་ལམ་སྲོལ་བཙུགས་པ།
དྲུག་པ། ཞང་ཞུང་དང་སུམ་པ། འ་ཞ་དང་གྲུ་གུ་སོགས་དབང་དུ་བསྡུས་ནས་བོད་གཅིག་གྱུར་གྱི་རྒྱལ་ཁབ་གསར་འཛུགས་བྱས་པ་བཅས་ཡིན།ʺ ལྟ་བུ།
ད་དུང་། བོད་རིགས་ཀྱི་གཤིས་ཀ་དང་ཁ་ཐག་ཧ་ཅང་ཉེ་བའི་ཀ་རྩོམ་དང་མིང་རྩོམ།
མཚར་གཏམ་དང་རྒྱག་གཏམ། གཏམ་དཔེ་ངག་ངག་རྒྱུན་སོགས། བཅད་ལྷུག་ཅི་རིགས་ཀྱི་སྒོ་ནས་འབྲི་རྒྱུར་དོ་སྣང་གནང་དགོས།
ཚིག་སྦྱོར་དེ་ལྟར་སྤེལ་བའི་ཆ་རྐྱེན་གྱི་ཆ་ལག་ལ། སྔོན་བྱོན་མཁས་པས་བྲིས་པའི་རྩོམ་ཡིག་ག་ཚད་ཀློག་ཐུབ་ཐུབ་ཀློག་དགོས་ལ།
དེ་དག་ལ་ལད་བཟློས་རང་བཞིན་གྱིས་ག་ཚོད་འབྲི་ཐུབ་ཐུབ་འབྲི་དགོས། གལ་ཏེ་ཁྱོད་ཀྱིས་གཞན་རྩོམ་དཔེ་དེབ་ལ་ཀློག་པ་དང་བསམ་པ་མ་བྱས་ན།
རང་ཉིད་ཀྱི་ཁོག་པ་ཆུང་ཆུང་དེའི་ནང་གི་ཤེས་བྱ་ཉུང་ཉུང་དེས་རྩོམ་རིག་གི་ཆ་ལག་བསྐྲུན་ན།
ཕུན་སུམ་ཚོགས་པའི་རྩོམ་ཡིག་ཅིག་ནམ་ཡང་འབྲི་མི་ཐུབ། གལ་ཏེ་ཁྱེད་ལ་མི་འགའ་ཞིག་གིས་རྙིང་ཉེ་བའི་ཟོལ་གྱིས།
“རྩོམ་ཡིག་འབྲི་ན་མིས་བརྩམས་པའི་དེབ་ཀློག་མི་ཉན།”ཟེར་མཁན་དེ་འདྲ་སླེབས་བྱུང་ན། དེར་འགྲམ་ལྕག་མེ་འབར་བ་རེ་དང་། མཆིལ་ཞགས་ཡིད་ཚིམ་པ་ཞིག་འཕེན་མ་ཐུབ་ནའང་རང་གི་རྣ་བ་སྲབ་སྲབ་གཉིས་ཀ་བཀབ་ནས་སྡོད་དགོས།
བཞི། རྩོམ་ཡིག་འབྲི་ཐབས་ཀྱི་ཆ་རྐྱེན་བཞི་པ།
དེ་ལྟར་རྩོམ་ལུས་དང་བརྗོད་གཞི་གཉིས་ལྡན་གྱི་རྩོམ་ཡིག་འབྲི་རྒྱུར་དཀའ་ངལ་མེད་པ་ཆགས་ཚར་དུས།
ད་བཟོད་གཞི་ནས་བརྡ་རྙིང་དང་མངོན་བརྗོད་ཀྱང་གང་ཤེས་བསླབ་དགོས་ལ། གནའ་དང་དེང་གི་ཚིག་རྒྱན་རིག་པ་ལའང་ངེས་པར་དུ་བསླབ་དགོས།
གལ་ཏེ་ཚིག་རྒྱན་རིག་ལ་མ་བསླབ་ན། ལུས་སྲོག་ལྡན་གྱི་རྩོམ་ཡིག་ཇི་ཙམ་སྤེལ་ནའང་། ལུས་སྲོག་གཉིས་ལྡན་གྱི་མི་དཀྱུས་མ་ཞིག་ནང་བཞིན་འབུར་དུ་ཐོན་པའི་ཁྱད་ཆོས་གང་ཡང་མངོན་ཐུབ་པ་བཞིན་དུ།
ཕན་ཚུན་བར་ལ་གོ་བརྡ་འཕྲོད་ཙམ་ལས། གསོན་ཉམས་ལྡན་པའི་སྒོ་ནས་ཕར་ཕྱོགས་དེར་ཚོར་སྣང་རྣོན་པོ་སླེབས་པ་དང་།
བག་ཆགས་གཏིང་ཟབ་འཇོག་པའི་ནུས་པ་མི་གང་ཡང་ལྡན་པས། རྩོམ་ཡིག་འབྲི་ཤེས་ཙམ་ལས་དོན་དངོས་ཀྱི་རྩོམ་པ་པོ་དང་།སྙན་ངག་པ།
ངག་གི་སྒྱུ་རྩལ་པ་བཅས་ཁྱད་ཆོས་དང་མཚན་ཉིད་གང་ཡང་མངོན་མི་ཐུབ།
དེས་ན་གནའ་རབས་མེས་པོའི་རྩོམ་སྲོལ་གྱི་གདོད་མའི་ཚིག་རྒྱན་རིག་པ་ཏུང་ཧོན་ནས་ཐོན་པའི་མགུར་རྙིང་ཚོ་དང་།
བོད་སིལ་བུའི་སྐབས་ཀྱི་མར་མི་ཡབ་སྲས་སོགས་ཀྱི་རྩོམ་རིག་ནས་བཟུང་། ཚངས་དབྱངས་རྒྱ་མཚོ་དང་ཤར་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་སྒྱུ་རྩལ་ངག་གི་འདུ་བྱེད་ལས་འཕོས་པའི་རྩོམ་རིག་ལ་བསླབ་དགོས་ལ།
འཇམ་མགོན་ས་པཎ་ནས་བཟུང་ཤོངས་པངས་ཡབ་སྲས་ནས་བརྒྱུད་པའི་རྒྱ་གར་འཕགས་ཡུལ་གྱི་སྲོལ་རྒྱུན་རྩོམ་སྲོལ།
སྙན་ངག་རྩ་གཞུང་གི་ལམ་རྣམ་པར་ཕྱེ་བ་ནས་མཇུག་སྐྱོན་སེལ་གྱི་བར་དང་འབྲེལ་བའི་སྒྱུ་རྩལ་ངག་གི་རང་བཞིན་ཁྱད་པར་བ་དེ་དག་ལའང་བསླབ་དགོས།
ནུབ་ཕྱོགས་པའི་རྟོགས་འཆར་ལས་འཕོས་པའི་དུས་རབས་གསར་རྩོམ་སྟེ། དཔལ་དོན་གྲུབ་རྒྱལ་གྱིས་གསར་བཞེངས་མཛད་པའི་རྩོམ་སྲོལ་གསར་པའི་ངག་གི་འདུ་བྱེད་ལའང་ངེས་པར་དུ་བསླབ་དགོས།
ལུས་སྲོག་གཉིས་ལྡན་གྱི་རྩོམ་ཡིག་ལ། གནའ་དེང་གང་ཞིག་གི་ཚིག་རྒྱན་གྱིས་སྤྲས་པའི་རྩོམ་ཡིག་དངོས་གནས་དེ།
སྤྱི་ཚོགས་ཚོར་བ་དང་འབྲེལ་བ་ཡོད་པའི་སྒྱུ་རྩལ་ངག་གི་རང་བཞིན་འབུར་དུ་ཐོན་པ། རང་སེམས་གང་ལ་འཕོ་བ་དང་།
མི་སེམས་ཁད་ཀྱིས་འགུག་པའི་སྙན་འཇེབས་རང་བཞིན་ལྡན་པ་དེ་རིགས་ལ་ཟེར་བ་ཡིན། ཚད་གཞི་དང་ས་མཚམས་འདི་ནས་བརྒལ་བ་དང་།
དེ་དུས་རང་ཉིད་རྩོམ་པ་པོ་ཆགས་པ་ཡིན་ལ། སྙན་ངག་པ་ཆགས་པ་ཡིན། དེ་དུས་ཁྱོད་ཀྱིས་སྤྱི་ཚོགས་ཀྱི་ཚོར་བ་དང་།
རྒྱལ་ཁབ་ཀྱི་རྩ་དོན། མི་རིགས་ཀྱི་ལ་རྒྱ། འདས་སོང་ལ་དཔྱད་ཞིབ། འབྱུང་འགྱུར་ལ་ཚད་དཔོག
ཆོས་རིག་གི་སྲོག་རྩ་བཅས་ལ་སྨོན་པའི་སྙན་ངག་དང་སྒྲུང་རྩོམ། དཔྱོད་བརྗོད་དང་སུན་འབྱིན་སོགས།
སྐབས་དང་སྟོབས་ལ་བརྟེན་ནས་རྩོམ་དགོས།
ལྔ། རྩོམ་ཡིག་འབྲི་སྟངས།
རྩོམ་ཡིག་འབྲི་སྟངས་ཀྱི་ཐད།
ཡུལ་དུས་ལ་བརྟེན་ནས་རྩོམ་ཡིག་གི་འགྱུར་འགྲོས་ཀྱང་འདྲ་མིན་གྱུར་ཏེ། བསམ་བློའི་སྐུལ་སློང་དང་། ཚིག་སྦྱོར་གྱི་བསྒྱུར་རྩལ།
སྤྱི་ཚོགས་ཀྱི་འགན་འཁྲི། ཡུལ་དུས་ཀྱི་གནས་བབ་བཅས་ལ་གཞིགས་ནས་གཟབ་ནན་བྱེད་དགོས་པ་ཁག་གཤམ་གསལ།
1. གནའ་རྩོམ་ནི། བསམ་བློ་དང་ཚིག་སྦྱོར་བརྗོད་གཞི་གསུམ་ཀ་སྲོལ་རྒྱུན་དང་འབྲེལ་བའི་རྩོམ་ཡིག་ལ་ཟེར།
2. དེང་རྩོམ་ནི། དུས་རབས་ཀྱི་བསམ་བློ་དང་ཚན་རིག་ལྟ་གྲུབ་ལྡན་པའི་རྩོམ་ཡིག་ལ་ཟེར།
3. བསམ་བློའི་ཆ་རྐྱེན། མང་ཚོགས་ཀྱིས་བསམ་བློའི་སྐུ་ཚབ་དང༌། ངན་སྲོལ་ཐེར་འདོན་དང་སྐྱོན་ཡོན་ཡོ་སྲོང་གི་ཆེད་རང་གི་ཁེ་ཕན་བློས་བཏང་ཐུབ་པའི་ལྟ་བ་ཁྱེར་དགོས།
4. རྩོམ་ཡིག་གི་སྒྲིག་གཞི། རྩོམ་ཡིག་འབྲི་བའི་སྐབས་བརྗོད་གཞི་གང་ཞིག་གཏན་འབེབས་བྱས་པ་དེ་ཉིད་རྩ་འཛིན་བྱས་ཏེ། བརྗོད་དོན་ཁ་གསལ་ཞིང་གོ་བདེ་བ། བརྗོད་ཚིག་ཉུང་ཞིང་རྡོག་སྒྲིལ་བ། སྔ་ཕྱི་གོ་རིམ་ཡོད་པ། བརྗོད་གཞི་དང་མ་འབྲེལ་བའི་ཚིག་རྙོག་མེད་པ། བརྗོད་ཚིག་ཡོངས་རྫོགས་བརྗོད་གཞིའི་ཐོག་ཏུ་བཞ་ཐུབ་པ། བརྗོད་དོན་གྱི་གནས་ལུགས་གཏིང་ཟབ་ཏུ་གཏོང་པ་བཅས་དགོས།
5. རྩོམ་ཡིག་གི་བརྗོད་གཞི་གཏན་འབེབས་བཟོ་སྟངས། རྩོམ་ཡིག་མ་བྲིས་པའི་སྔོན་དུ་རྩོམ་པ་པོས་གང་ཞིག་འབྲི་འདོད་པ་དེའི་ངོ་བོ་དང་ཁྱད་ཆོས་ནུས་ཤུགས་སོགས་གཏན་འབེབས་བྱེད་དགོས། དཔེར་ན།
བོད་ཀྱི་ཞིང་ཁམས་ལ་བསྟོད་པའི་རྩོམ་ཡིག་ལྟ་བུ་ཞིག་ལ་མཚོན་ན་ཡུལ་ལྗོངས་ཀྱི་གངས་རི་དང༌། རྫ་རི།
སྤང་རི། དེ་བཞིན་རྩྭ་ཤིང་ནགས་ཚལ། མཚོ་དང་གཙང་པོ། ཡུལ་ལྗོངས་ཀྱི་བཟོ་དབྱིབས། དུས་ཚིགས་དང་གནམ་གཤིས་ཀྱི་འགྱུར་རྡོག་ ། ཤིང་འབྲས་དང་ལོཏོག་ ། མེ་ཏོག་དང་འབྲས་བུ། གཅན་གཟན་དང་རི་དྭགས། བྱ་དང་བྱེའུ། གསེར་དངུལ་ཟངས་ལྕགས། རང་བྱུང་ཁམས་ཀྱི་ཐོན་ཁུངས་རྟ་མཛོ་ར་ལུག་སོགས་སྒོ་ཕྱུགས་བཅས་ཀྱི་གནས་བཞ་ལ་ཞིབ་འཇུག་གིས་གཏན་ལ་ཕབ་རྗེས་གཞི་ནས་རྩོམ་ཡིག་འབྲི་དགོས།
6. རྩོམ་པ་པོའི་བསམ་བློའི་འཆར་སྒོ་གཏིང་ཟབ་ཏུ་གཏོང་ཐབས། རྩོམ་པ་པོས་བརྗོད་གཞི་གང་ཞིག་བཟུང་བ་དེའི་ཐོག་བསམ་བློའི་འཆར་སྒོ་གཏིང་ཟབ་ཏུ་གཏོང་བའི་ཆེད། བརྗོད་གཞི་འམ་དོན་རྐྱེན་དེའི་རྒྱུ་རྐྱེན་དང་གང་དུ་ག་དུས་ཇི་ལྟར་ཅི་ཞིག
དེའི་མཇུག་འབྲས་སོགས་བསམ་བློས་ཞིབ་དཔྱོད་ནན་པོའི་ལུགས་སུ་བྱས་ནས་གནས་ལུགས་བདེན་འཚོལ་དང་འཆར་ཡན་སྒྲོ་བཏགས་ཅི་རིགས་པའི་སྒོ་ནས་ཐོག་མར་བརྗོད་གཞི་གཏན་ལྷིངས་ཡོང་ཐབས་བྱེད་དགོས།
དྲུག རྩོམ་ཡིག་གི་ཕན་འབྲས།
འཇིག་རྟེན་ཧྲིལ་པོ་འདིའི་ཐོག
གནས་ལུགས་སྟོང་པའི་རང་ཞལ་མཇལ་བའི་ངེས་དོན་གྱི་མཁས་པ་ཕུད་པའི།མཁས་པའི་ཁྲི་ཕང་མཐོ་ཤོས་དང་།
གནས་བབ་བཟང་ཤོས་ནི་རྩོམ་ཡིག་གི་བྱ་བ་ཁོ་ན་ཡིན། ལུས་སྲོག་རྒྱན་གསུམ་ཡ་མ་བྲལ་བའི་རྩོམ་ཡིག་ནི།
དཔོན་ངན་ཟ་རྔམས་ཅན་གྱི་ཁ་ལ་ཁྲོ་ལྕགས་ཀྱི་རྡོ་རྗེ་ནང་བཞིན་ཡིན་ལ། ཕྱུག་པོ་རྒྱུ་རྔམས་ཅན་ཚོའི་སྣ་ལ་བེ་ཤིང་གི་རྒྱུགས་པ་ནང་བཞིན་ཡིན།རྩོམ་རིག་ནི་བདུན་བསྐྱོད་ཀྱི་རྡོ་བཀག་གཏོར་བ་ལ་འབར་རྫས་ནང་བཞིན་ཡིན་ལ།
རྩོམ་རིག་ནི་རྗེས་ལུས་ཀྱི་རྟ་ཟོག་དེད་པ་ལ་ལྕག་ཚན་ནང་བཞིན་ཡིན། རྩོམ་རིག་ནི་རྙིང་ཞེན་གྱི་ནད་པ་ལ་སྨན་ཐུན་ནང་བཞིན་ཡིན་ལ།བག་ཁུམ་ཀྱི་གྲིབ་ནད་ལ་རྩ་སྨན་ནང་བཞིན་ཡིན།
རྩོམ་རིག་ནི་བློ་གསར་གྱི་འདབ་ཆགས་ལ་གཤོག་པ་ནང་བཞིན་ཡིན་ལ། གསར་གཏོད་ཀྱི་འཛུགས་སྐྲུན་ལ་འཕྲུལ་ཆས་ནང་བཞིན་ཡིན།
རྩོམ་རིག་ནི་ཆོས་རིག་གི་སྲོལ་རྒྱུན་ལ་སྲོག་རྩ་ནང་བཞིན་ཡིན་ལ། སྐད་ཡིག་གི་མ་ལག་ལ་དབང་རྩ་ནང་བཞིན་ཡིན།
རྩོམ་རིག་ནི་མི་རིགས་ཀྱི་ཚེ་སྲོག་གི་སྲོལ་རྒྱུན་ལ་སྲོག་རྩ་ནང་བཞིན་ཡིན་ལ། རིག་ཞེན་གྱི་ཁོག་པ་ལ་སྙིང་རྩ་ནང་བཞིན་ཡིན། རྩོམ་རིག་ནི་ཡར་རྒྱས་ཀྱི་མདུན་ལམ་ལ་རྐང་པ་ནང་བཞིན་ཡིན་ལ།
བྱ་བཞག་གི་མཛད་རྗེས་ལ་ལག་པ་ནང་བཞིན་ཡིན། རྩོམ་རིག་ནི་རྨོངས་པའི་མཚན་ལྗོངས་ལ་སྒྲོན་མེ་ནང་བཞིན་ཡིན་ལ།མཁས་པའི་རྣ་བར་བདུད་རྩི་ནང་བཞིན་ཡིན།
རྩོམ་རིག་ནི་གནས་ལུགས་ར་སྤྲོད་ལ་ཁྲིམས་དཔོན་ནང་བཞིན་ཡིན་ལ། བདེན་པའི་རྒྱབ་རོགས་ལ་དམག་དཔུང་ནང་བཞིན་ཡིན།
རྩོམ་རིག་ནི་མཁྲེགས་འཛིན་བྲག་རྡོ་ལ་ཐོ་བ་ནང་བཞིན་ཡིན་ལ། སྡིག་པ་མིག་བཙུམ་ལ་རྒྱ་ཁབ་ནང་བཞིན་ཡིན།
རྩོམ་རིག་ནི་བྱུང་བ་བརྗོད་པར་རྒན་པོ་ནང་བཞིན་ཡིན་ལ། འབྱུང་འགྱུར་བསུ་བར་བྱིས་པ་ནང་བཞིན།
རྩོམ་རིག་ནི་རང་སེམས་གསོ་བར་པི་ཝང་ནང་བཞིན་ཡིན་ལ། གཞན་སེམས་འགུག་པར་ལྕགས་ཀྱུ་ནང་བཞིན་ཡིན།
རྩོམ་རིག་ནི་རང་ཕྱོགས་སྐྱོང་བར་ཕ་མ་ནང་བཞིན་ཡིན་ལ། གཞནས་སེམས་བསླུ་བར་མཛེས་མ་ནང་བཞིན་ཡིན།
རྩོམ་རིག་ནི་འདས་པའི་རྐང་རྗེས་ཡིན་ལ། ད་ལྟའི་སྲོག་རྩ་ཡང་ཡིན། རྩོམ་རིག་ནི་མ་འོངས་པའི་ལམ་ཆེན་ཡིན་ལ།
དུས་གསུམ་ཀའི་རྒྱངས་ཤེས་ཡང་ཡིན། མདོར་ན་རྩོམ་རིག་ནི་ཐམས་ཅད་ཡིན་ལ་རྩོམ་རིག་ནི་ཡོད་ཚད་ནས་ཡོད་ཚད་སྤུངས་པའི་ཕུང་པོ་ཞིག་ཀྱང་ཡིན།
ཝཱ་ཎཱ་གཙུག་ལག་སློབ་གྲྭ་ཆེན་མོའི་རྩོམ་རིག་སྡེ་ཚན་དུ་སྦྱར་བ་དགེ་ལེགས་འཕེལ།
༢༠༡༣།༨།༢། ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་སྡེ་ཚན།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།