རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 19 September 2020

དགེ་རྒན། ཁྱད་འཕགས་ཀྱི་ལས་རིགས།

རྩོམ་པ་པོ། ཞོགས་དུང་།

གཅིག དགེ་རྒན་གྱི་གལ་ཆེན་རང་བཞིན།
གལ་ཏེ། བདག་གཉེར་པ་ཞིག་ཡིན་པའི་དབང་དུ་བཏང་ན་དགེ་རྒན་ནི་དགའ་ཚལ་གསོ་སྐྱོང་པ་ཞིག་རེད། གལ་ཏེ། བཟོ་བཀོད་པ་ཞིག་ཡིན་པའི་དབང་དུ་བཏང་ན། དགེ་རྒན་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་ཞིག་རེད། བཤད་ཚུལ་དེ་དག་ནི་དགེ་རྒན་གྱི་ལས་རིགས་ལ་གདེང་འཇོག་བྱེད་པ་སྟེ་མི་རྣམས་ཀྱིས་གོ་ཐོས་མྱོང་ཡོད་ནི་རེད། གལ་ཏེ། སློབ་མ་རྣམས་ནི་མི་ཡུལ་གྱི་མཚར་སྡུག་གི་མེ་ཏོག་རེ་རེའི་ས་བོན་ཡིན་པའི་དབང་དུ་བཏང་ན། དགེ་རྒན་ནི་དུས་ཐོག་གི་ཆར་ཆུ་རེད་ཅེས་ཀྱང་ཟེར་ཆོག་ལ།  དཔེ་འཇོག་དེ་དག་གིས་དགེ་རྒན་གྱི་ལས་རིགས་ནི་ཁྱད་འཕགས་ཀྱི་ལས་རིགས་ཤིག་ཡིན་པ་བསྟན་ནོ།།


དགེ་རྒན། རབ་ཏུ་སྙན་པའི་ཐ་སྙད་འདི་ཐོས་མཐོང་བྱུང་ཐེངས་རེར།  ཁོ་བོས་སློབ་ཆུང་དང་སློབ་འབྲིང་སྐབས་ཀྱི་དགེ་རྒན་རྣམས་རང་བཞིན་གྱིས་ཡིད་ལ་འཁོར་ཡོང་། སློབ་གྲྭ་འགྲིམས་པའི་མི་ཞིག་ཡིན་ན། དང་པོ་ཀློག་སློབ་མཁན་གྱི་དགེ་རྒན་དག་ལྷག་ཏུ་བརྗེད་ཐབས་མེད་པ་ཞིག་རེད། དགེ་རྒན་ཁོང་ཚོའི་གཏམ་སྤྱོད་ཀྱིས་སློབ་མའི་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཤན་ཤུགས་བསུབ་ཏུ་མེད་པ་འཇོག་ངེས་པ་དང་། དགེ་རྒན་རབ་ཅིག་ཡིན་ཚེ་ཁོང་གི་སློབ་མ་དག་གིས་ཁོ་ཚོ་སློབ་མ་གང་དེའི་དགེ་རྒན་ཡིན་ཞེས་ངོམ་སོར་འཕྱར་བ་རེད། མི་རྣམས་ཀྱིས་ʺཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་དགེ་ཕྲུག་ʺཅེས་ནམ་རྒྱུན་གཟེངས་བསྟོད་བྱེད། འདི་ལྟར་བཤད་ཆོག་སྟེ། དགེ་རྒན་ཕུལ་དུ་བྱུང་བ་ཞིག་ནི་འགྲོ་བ་མིའི་རིགས་ཀྱི་ལེགས་ཚོགས་བྱེད་པོ་ཡིན་པར་མ་ཟད། འགྲོ་བ་མིའི་རིགས་ཀྱི་ཤེས་རབ་ཀྱི་སྤྱན་མིག་འབྱེད་མཁན་ཡང་རེད་ཅེས་ཁོ་བོས་གདེང་འཇོག་བྱེད་དོ།།


དགེ་རྒན།  དགེ་རྒན་ཚད་ལྡན་ཞིག་གིས་གཟི་བརྗིད་དུ་རློམ་ཆོག་པའི་ཐ་སྙད་འདི་འུ་ཚོར་མཚོན་ན་དུས་ཡུན་རིང་པོ་མེད་པའི་ཐ་སྙད་ཅིག་རེད། ཚད་ངེས་ཅན་གྱི་སྟེང་ནས་བཤད་ན། ཐ་སྙད་འདིས་མི་ཆོས་རིག་གནས་མཚོན་ཞིང་། ཐ་སྙད་འདི་བྱུང་བའི་དུས་མཚུངས་སུ་འུ་ཚོར་མི་ཆོས་རིག་གནས་དར་མགོ་ཚུགས་སོང་ཞེས་ཀྱང་བཤད་ཆོག འུ་ཚོའི་གནའ་བོའི་རིག་གནས་དང་ཆོས་ལུགས་རིག་གནས་སུ་མིང་དོད་དུ་བཤེས་གཉེན་དང་།  སློབ་དཔོན། བླ་མ་སོགས་ཟེར་ཞིང་། དེ་ཉིད་གལ་ཆེ་བའི་རྒྱུ་མཚན་གྱིས་ཆོས་གཞུང་དག་གི་ལམ་རིམ་གྱི་མགོ་ཕལ་ཆེར་བཤེས་གཉེན་བསྟེན་ཚུལ་ནས་བརྩམས་ཏེ་བཤད་འདུག་ལ། འཕགས་པ་བརྒྱད་སྟོང་པ་ལས། མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བསྐུར་བར་བྱའོ།། ཞེས་དང་། གཞན་དུ། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། ཅེས་མཚན་ལྡན་གྱི་བཤེས་གཉེན་ནམ་བླ་མ་མ་འཁྲུལ་བར་བསྟེན་པ་གནད་ཆེ་ཚུལ་དང་། དེ་ཡང་ཐེག་པ་སོ་སོའི་དབང་དུ་བྱས་པའི་བཤེས་གཉེན་མཚན་ཉིད་ཉིས་ལྡན་ནས་ལྔ་ལྡན་བར་དང་། བཅུ་ལྡན། བཅུ་བཞི་ལྡན་པ་སོགས་ཡོད་ཚུལ་གསུངས་(རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ། པོད་དང་པོ་ལས།)ལ་གཞུང་ལུགས་ཀྱིས་སྔར་ནས་གཏན་ལ་ཕབ་སྟེ་འདུག དེ་ལ་བསམ་པས་ཀྱང་དགེ་རྒན་གྱི་གལ་ཆེན་རང་བཞིན་རྟོགས་འོང་། 

གཉིས།  དགེ་རྒན་གྱི་མཚན་ཉིད།

མི་ཆོས་རིག་གནས་སློབ་མཁན་ཡིན་དགོས་པའི་དགེ་རྒན་ལ་མཚན་ཉིད་ག་འདྲ་ཚང་དགོས་ཚུལ་གཞུང་ལུགས་ཀྱིས་གཏན་ལ་ཕབ་པ་ད་སྔ་མ་མཐོང་མོད། ཁོ་བོས་འདིར་འོས་འཚམ་གྱི་མཚན་ཟུར་འགའ་དྲངས་ནས་དཔྱད་གཞིར་འབུལ་འདོད་དེ།      


1 ཡོན་ཏན་སློབ་མ་ལས་ལྷག་པ།

ཡོན་ཏན་ལ་ཆེ་ཕྱོགས་ནས་ཤེས་བྱ་དང་ལག་རྩལ་སོགས་བློ་རིག་གི་ཆ་ཡི་ཡོན་ཏན་དང་། ཀུན་སྤྱོད་དང་གཤིས་ཀ་སོགས་བློ་རིག་གི་ཆ་མ་ཡིན་པའི་ཡོན་ཏན་གཉིས་སུ་ཕྱེས་ཆོག དགེ་རྒན་གྱི་ཡོན་ཏན་དེ་དག་སློབ་མ་ལས་ལྷག་པ་དགོས་ཏེ། རྨང་གཞིའི་མཚན་ཟུར་འདི་གོ་སླ། འོན་ཀྱང་ཡ་མཚན་པ་ནི། འུ་ཚོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ཏུ་ཏག་ཏག་རྨང་གཞིའི་མཚན་ཟུར་འདི་མི་ཚང་བའི་དགེ་རྒན་ཡང་གང་མང་འདུག


2 ཀུན་སྤྱོད་ལེགས་པ། 

དགེ་རྒན་རྣམས་ཀྱིས་ཀྱང་ད་ལྟའི་དཔེ་ཆ་དང་། ཚགས་པར། དུས་དེབ་སོགས་སུ་སློབ་གསོའི་སྐོར་གྱི་དཔྱད་རྩོམ་གང་མང་འབྲི་གི་འདུག དེ་ནི་ཁོ་ཚོའི་ལས་ཐོབ་(职称)ཀྱི་ཆེད་དུ་རེད་ཟེར། དམིགས་ཡུལ་གང་ཡིན་ཀྱང་རུང་མོད། ཁོ་བོས་སྣང་ཚུལ་དེའི་ཞར་ལ་ཤེས་པ་ནི་ཁོ་ཚོས་རང་གི་ལས་ཀ་ལ་འགན་འཁུར་མེད་པ་དེ་རེད། ཁོ་ཚོས་ཉོས་ཏེ་ཕུད་པའི་དཔྱད་རྩོམ་རྣམས་དཔྱད་རྩོམ་ཡིན་མིན་རེ་ཞིག་མ་བཤད་དང་། ཕལ་ཆེ་བ་ནི་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཚན་དབྱེ་ཞིབ། མིང་ཚིག་མཆན་འགྲེལ་སོགས་བྲོ་བ་ཅི་ཡང་མེད་ཅིང་བྱ་སྤུ་སྒོ་ཤུན་ལྟ་བུའི་དོན་ཙག་ཙིག་ར་བཤད་གི་འདུག རྩ་བ་བོར་ནས་ཡལ་ག་འཛིན་པ་དེ་ཡང་མི་རིགས་འདིའི་བག་ཆགས་རྙིང་པ་ཞིག་རེད། དགེ་རྒན་རྣམས་ལ་སློབ་གསོ་འགན་ཁུར་གྱི་བསམ་པ་ཅུང་ཟད་རེ་ཡོད་ན། དེ་ཙམ་གྱིས་སློབ་གསོ་མི་འཁྱོངས་པ་ཤེས་སྲིད་ཀྱི་རེད། 


ཀུན་སྤྱོད་ལེགས་པའི་མཚན་ཟུར་འདི་བཤད་དགོས་ན་ཐོག་མར་སློབ་གསོའི་དོན་སྙིང་དང་ཆེས་མཐའ་མཇུག་གི་དམིགས་ཡུལ་ཅི་ཡིན་པ་ཤེས་སུ་འཇུག་དགོས། འོ་ན་སློབ་གསོའི་དོན་སྙིང་དང་ཆེས་མཐའ་མཇུག་གི་དམིགས་ཡུལ་དེ་གང་ཡིན་ནམ་ཟེར་ན། དེ་ནི་གཤིས་སྤུས་(品质)སམ་འབྱུང་སྤུས་ཏེ། མི་རྣམས་ཀྱི་བློ་རིག་དང་བློ་རིག་གི་ཆ་མ་ཡིན་པའི་ཀུན་སྤྱོད་དང་། ཤེས་བྱ། ལག་རྩལ་སོགས་འདུས་པའི་ལུས་ངག་ཡིད་གསུམ་རྟོགས་པ་དང་། ནུས་པ། སྤུས་ཚད་བཅས་ཇེ་ལེགས་སུ་གཏོང་བ་དེ་རེད། དེར་བློ་རིག་གི་ཆ་མ་ཡིན་པའི་ཀུན་སྤྱོད་ཀྱི་ཕྱོགས་ལ་ʺགཤིས་སྤྱོད་སློབ་གསོ་ནི་དམངས་གཙོའི་ཀ་རྡོ་ཡིན།''ཞེས་ཟེར་ཞིང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་ངོས་འཛིན་གི་འདུག


ལོ་འདི་དག་ལ། ཆེ་ཕྱོགས་ནས་འབྱུང་སྤུས་སློབ་གསོའི་རིན་ཐང་བརྗོད་ཅིང་སྲིད་ཇུས་དྲིལ་བསྒྲགས་བྱས་བྱས་པས་འུ་ཚོའི་སློབ་གསོའི་སྡེ་ཁག་གི་མི་རྣམས་ལ་མཚོན་ནའང་རྒྱུ་མཚན་ངོ་མ་ཧ་གོ་ནི་ཤིན་ཏུ་ཉུང་མོད། རྣ་བྱང་ལ་སོང་ཡོད་ཚོད་རེད། དེ་ཡང་གསལ་པོར་བཤད་ན། འབྱུང་སྤུས་སམ་གཤིས་སྤུས་སློབ་གསོ་ཡིས་ཤེས་བྱ་དང་། གོ་རྟོགས། བྱེད་ནུས།  རྩིས་ཐང་། འགན་ལེན། ཡིད་ཆེས། དཔའ་བརྟེན། དཀའ་སྤྱོད། བརྟུལ་ཕོད། གཏོང་ཕོད། དགའ་བ། ཧུར་བརྩོན་སོགས་མིའི་བློ་རིག་གི་ཆ་མ་ཡིན་པའི་ཀུན་སྤྱོད་དང་གཤིས་རྒྱུད་ཀྱི་ནུས་པ་ཡང་སྐྱེད་སྲིང་དང་དར་སྤེལ་གཏོང་དགོས་ཟེར་བ་རེད། དེ་ནི་མི་ཞིག་ལ་ཆ་བཞག་ན་རྐང་པ་རེ་རེ་སྟེ་སློབ་གསོ་གཏོང་མཁན་གྱི་དགེ་རྒན་རྣམས་ཀྱིས་དེ་གཉིས་མཉམ་དུ་མ་ཤོར་བར་འཛིན་དགོས། 


དགེ་རྒན་གྱི་ལས་འགན་ནི་ཤེས་བྱ་སློབ་པ་ཁོ་ན་ཙམ་མ་རེད། ཁོང་ཚོས་མི་གཞི་ལེགས་པོའི་ཕྱི་རབས་པ་སྐྱེད་སྲིང་བྱ་ཕྱིར་སློབ་མ་རྣམས་ལ་རིག་གནས་དང་ནུས་རྩལ་སོགས་བློ་རིག་གི་ཆ་དག་སློབ་དགོས་པར་མ་ཟད།  གཞུང་དྲང་དང་། རྩིས་མཐོང་། འགན་ལེན་སོགས་བློ་རིག་གི་ཆ་མ་ཡིན་པའི་ཀུན་སྤྱོད་དག་ཀྱང་སློབ་དགོས།  གཅིག་གིས་གཅིག་ལ་ཅི་ཞིག་སློབ་དགོས་པ་ཡིན་ན།  སློབ་མཁན་ལ་གང་དེའི་ཤེས་བྱ་དང་ཡོན་ཏན་ལྡན་དགོས་པ་གཞིར་བཞག་རེད། དེ་བས། དགེ་རྒན་རྣམས་ཀྱིས་ཐོག་མར་རང་ཉིད་ལ་ཤེས་བྱ་དང་ཀུན་སྤྱོད་ཀྱི་ཆུ་ཚད་ངེས་ཅན་ལྡན་པར་བྱེད་དགོས། 


འུ་ཚོའི་སློབ་གསོའི་གནས་ཚུལ་ལ་བལྟས་ན།  ཤེས་བྱ་སློབ་པ་ངོ་མ་གལ་ཆེན་རེད་མོད། དེ་ལས་ཀྱང་འགངས་ཆེ་བ་ནི་ཀུན་སྤྱོད་ཀྱི་སློབ་གསོ་གཙིགས་ཆེན་གནང་རྒྱུ་དེ་རེད་སྙམ། དེ་ཡང་སོ་རེའུ་ཡིས། ''ཐོག་མར་མི་ཡ་རབས་ཤིག་བཅོས་རྗེས་དེ་ནས་མངའ་འབངས་ཡ་རབས་ཤིག་བཅའ་དགོས''ཞེས་པ་ལྟར། སློབ་མ་ཞིག་ལ་མཚོན་ནའང་ཐོག་མར་མི་ཡ་རབས་ཤིག་བཅོས་རྗེས་ད་གཟོད་སློབ་མ་ཡ་རབས་ཤིག་བཅའ་ཨེ་ཐུབ་བལྟ་དགོས་པ་རེད།


རྒྱུ་མཚན་ནི། ཨ་རིའི་སློབ་གསོ་མཁན་ལི་ཁོ་ནའ་ཡིས།  ''འུ་ཚོ་ནི་འགྱུར་བ་ཤིན་ཏུ་ཆེ་བའི་དུས་རབས་ཤིག་ཏུ་གནས་འདུག རིན་ཐང་ལྟ་ཚུལ་གྱི་སློབ་གསོའི་ལས་ཀ་དེ་སློབ་གྲྭ་ཆུང་འབྲིང་སོ་སོའི་སློབ་གསོའི་གནད་དོན་གཙོ་བོ་རེད། ཡིན་ནའང་། འུ་ཚོ་དོན་དེ་ལ་རྟག་ཏུ་ཅི་བྱ་གཏོལ་མེད་དུ་གྱུར་འདུག འདི་ལྟར་བཤད་ཆོག་སྟེ། མི་བཅའ་ཤེས་པ་དང་ལེགས་ཉེས་བདེན་རྫུན་གྱི་དབྱེ་བ་ཤན་འབྱེད་ཤེས་པ་དེ་ཆེད་ལས་ཤེས་བྱ་སྦྱོང་བ་ལས་གལ་འགངས་ཆེ་སྟེ། ʺཀུན་སྤྱོད་ལ་རྨོངས་པ་ʺཞིག་ཤེས་རིག་ལ་རྨོངས་པ་ཞིག་དང་བསྡུར་ན། དེས་སྤྱི་ཚོགས་ལ་ལྡོག་ནུས་ངན་ཤན་འཇོག་པའི་ཉེན་ཁ་ལྷག་ཏུ་ཆེའོ།'' ཞེས་གསུངས་ཕྱིར་རོ། །གལ་ཏེ། ཤེས་བྱ་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་གཉིས་ལ་གཙོ་ཕལ་འབྱེད་པའི་དབངདུ་བཏང་ན། འུ་ཚོས་མི་རབས་རྗེས་མའི་མི་གཞི་དང་མི་གཤིས་ཀུན་སྤྱོད་ལེགས་པོ་བསྐྲུན་ཕྱིར། ངེས་པར་དུ་ཀུན་སྤྱོད་སློབ་གསོ་གཙོ་བོར་འཇོག་དགོས། ཁོ་བོས་འདི་དགེ་རྒན་རྣམས་ལ་ʺཀུན་སྤྱོད་ལེགས་པ་ʺཞེས་པའི་མཚན་ཟུར་གཅིག་བགྲང་བའང་རྒྱུ་མཚན་དེ་ལ་ཐུག་ཡོད། 


ཁོ་བོས་དགེ་རྒན་རྣམས་ལ་ཀུན་སྤྱོད་ལེགས་དགོས་པའི་རེ་བ་འདོན་པ་འདིའི་རྒྱུ་མཚན་གཙོ་བོ་གཞན་ཞིག་ནི། འུ་ཚོའི་ཕལ་པ་རྣམས་ལྟ་ཞོག་མཁས་པ་དང་། ཆེས་མཁས། དགེ་རྒན་ཆེན་མོ་སོགས་ཤེས་བྱ་ཡོན་ཏན་གྱི་ཆ་ནས་ཚད་མཐོན་པོར་ཕྱིན་པ་ཕལ་ཆེར་ཡང་སྒེར་སེམས་ཅན་དང་། གུ་དོག་པོ། རྫུན་བཤད་མཁན། རྒྱུ་འབྲས་སྣོག་མཁན་རྐྱང་དུ་གྱུར་འདུག་པ་མངོན་གསལ་རེད། དེ་མཐའ་དག་ཀྱང་ཁོ་ཚོ་ཆུང་དུས་སུ་དགེ་རྒན་དག་གིས་ཀུན་སྤྱོད་སློབ་གསོ་ལ་དོ་སྣང་མ་བྱས་པས་ལན་པ་རེད་ཅེས་ཁོ་བོས་འདོད་དོ། །དེའི་ཕྱིར། དགེ་རྒན་རྣམས་དང་ཁྱད་པར་དུ་སློབ་ཆུང་གི་དགེ་རྒན་རྣམས་ཀྱི་ཀུན་སྤྱོད་ལེགས་དགོས་པའི་གནད་འདི་སྟོན་པ་ཡིན།


འུ་ཚོའི་དགེ་རྒན་དཀྱུས་མ་ཚོས་གནད་འདི་མ་ཤེས་པ་དང་། ཁོ་ཚོ་ཀུན་སྤྱོད་ལ་རྨོངས་པས། སློབ་ཁྲིད་སྐབས་སུ་སློབ་མ་ཚོའི་མདུན་དུའང་། ཁོ་ཚོས་བྱ་བའི་ཁྲོད་སྣོག་ལས་ཇི་ལྟར་བྱས་ཚུལ་དང་། འགན་ཁུར་ལས་ཇི་ལྟར་གཡོལ་ཚུལ། གཡོ་སྒྱུ་ཇི་ལྟར་སྤྱད་ཚུལ་སོགས་ཡ་རབས་ཀུན་སྤྱོད་ལས་ཕྱིན་ཅི་ལོག་པའི་གཏམ་དག་འཆད་ཅིང་།  ཐ་ན་ལོ་རིམ་འཕར་སྐབས་རྒྱུགས་ཚིག་ཇི་ལྟར་རྐུ་དགོས་ཚུལ་(སློབ་འབྲིང་དུ་མཐོ་རྒྱུགས་སྐབས་སུ་གནས་ཚུལ་འདི་ཤིན་ཏུ་ཚབས་ཆེ་རབས།)སོགས་སློབ་ཅིང་གདམས་སྐད་དོ། །དེ་ནི་ཀུན་སྤྱོད་ལ་རྨོངས་པ་དང་ཀུན་སྤྱོད་ཉམས་ཉེས་སུ་འགྲོ་བའི་རྟགས་ཏེ། སློབ་གསོ་པ་རྣམས་ཀྱིས་གཟབ་དགོས་པའི་གནད་ཅིག་རེད། གང་ཡང་། མ་རབས་ཐ་ཤལ་གྱི་སྤྱོད་པ་རྣམས་སློབ་མ་ལ་དེ་ལྟར་བསླབས་པ་ཡིན་ན། འུ་ཚོའི་སློབ་གསོའི་མཇུག་འབྲས་དེ་ག་རེ་འབྱུང་བ་མ་བཤད་ཀྱང་ཤེས་ཐུབ་གི་རེད། ཁོ་བོས་འདིར་གཤིས་སྤུས་སློབ་གསོ་ཇི་ལྟར་གཏོང་ཚུལ་གྱི་གཏམ་རྒྱུད་ཅིག་དྲངས་ནས་ཟུར་ལྟར་འབུལ་འདོད་དེ། 

ཟླ་ ༢ པའི་ཚེས་ ༢༢ ཉིན་ནི་བྱིས་པ་ཞིག་གི་སྐྱེས་སྐར་རེད། ཉིན་དེར། མི་རྣམས་ཀྱིས་བྱིས་པ་དེར་བཀྲ་ཤིས་བདེ་ལེགས་ཞུ་ཞིང་ཀ་ར་དང་། ལྭ་བ། ཡིག་ཆས་སོགས་ལེགས་སྐྱེས་གང་མང་ཕུལ། ཁོར་དགའ་སྤྲོ་ཚད་མེད་བརྟས་ཤིང་ལེགས་སྐྱེས་རྣམས་རང་གི་མལ་ཤག་ཏུ་བསྟར་ཏེ་བཞག ལེགས་སྐྱེས་དེ་དག་ལས་ཁོ་པ་ཆེས་དགའ་ས་ནི་ཉེ་མི་ཞིག་གིས་ཕུལ་པ་སྟེ་གསེར་འོད་ལམ་ལམ་འཕྲོ་བའི་སྟ་རེ་དེ་ཡིན་སོང་། ཁོས་སྟ་རེ་བཟུང་ནས་གཡས་ལྟ་གཡོན་ལྟ་བྱེད་ཅིང་སྡོང་པོ་གཅོད་པའི་ཚུལ་ཡང་སྟོན་གྱིན་གདོང་ལ་བློ་ཡིད་ཚིམ་པའི་འཛུམ་གྱིས་ཁེངས།      


སྐད་ཅིག་དེ་ཉིད་དུ། ཁོ་པའི་ཀླད་པར་དྲན་སྟངས་ཤིག་ཝལ་ཝལ་གྱིས་ཐོན་བྱུང་། དེ་ནི་སྟ་རེའི་རྣོ་དབལ་ལ་ཚོད་ལྟ་ཞིག་བྱེད་བསམ་པ་དེའོ། །ཁོ་པ་དགའ་ལྷང་ལྷང་གིས་སྟ་རེ་བཟུང་ནས་རང་ཁྱིམ་གྱི་སྒོ་རར་རྒྱུག འོན་ཀྱང་། སྒོ་རའི་ནང་གི་སྡོང་པོ་ཕལ་ཆེ་བ་སྦོམ་ཞིང་མཁྲེགས་པས་གཅོད་མི་ནུས་ལ། སྡོང་པོ་ལ་ཤས་མཉེན་ཞིང་ལྕུག་པས་གཅོད་རན་མེད་པར་འདུག ཁོས་ཕར་ལྟ་ཚུར་ལྟ་ཡང་ཡང་བྱས་མཐར། སྲེའུ་སྡོང་(樱桃树)ཞིག་འདུག་པ་མིག་ལ་ལྷུང་། 


ཁོས་སྟ་རེ་ཕྱར་ཅིང་ལུས་པོ་ཕྱིར་དགྱེ་སྟེ་ཤེད་ཤུགས་ཡོད་ཚད་གཏོན་ནས་སྲེའུ་སྡོང་ལ་བརྒྱབ་པ་ན། སྐག་སྒྲ་ཞིག་དང་བཅས་སྲེའུ་སྡིང་གི་སྐེད་པ་དེ་མ་ཐག་བཅད་དེ་ཐང་མ་བསྒྱེལ། དེར་བཅད་པའི་སྲེའུ་སྡོང་ལ་བལྟས་ཏེ་ཁོའི་སེམས་ལ་དགའ་སྤྲོ་སྐྱེས་ཤིང་། ཡང་ལག་གི་སྟ་རེ་ལ་བལྟས་ཏེ་སྟར་ཁ་ད་དུང་འོད་ལམ་ལམ་བྱེད་པ་མཐོང་བ་ན། ʺསྟ་རེ་ངོ་མ་རྣོ་གི་ʺཞེས་ངག་ལས་བསྟོད་ཚིག་དབང་མེད་ཤོར། ཁོ་གཡུལ་ལས་རྒྱལ་བ་ལྟ་བུའི་དགའ་སྤྲོས་མྱོས་ཏེ་ཕྱིར་མལ་ཤག་ཏུ་ལོག་ནས་སྟ་རེ་སྦས་ཏེ་བཞག 


ཕྱི་ཉིན་སྔ་དྲོ། ཁོའི་ཨ་ཕས་མེག་རའི་(མེ་ཏོག་ར་བ་བསྡུས་པ།)སྲེའུ་སྡོང་བཅད་པ་ཤེས་ཏེ་ཁོང་ཁྲོ་གཏིང་ནས་སྐྱེས་བྱུང་། རྒྱུ་མཚན་ནི། སྲེའུ་སྡིང་དེ་ཁོང་གིས་དབྱིན་ཇི་ནས་ཆེད་དུ་ཉོས་འོངས་པའི་སྡོང་རིགས་ཁྱད་འཕགས་ཤིག་ཡིན་ཕྱིར་རོ། །ཨ་ཕས་དེ་མ་ཐག་རྩད་བཅད་པ་དང་། ཁྱིམ་གྱི་རྣམ་པ་སྐད་ཅིག་ཉིད་ལ་འཚབ་ལིང་དུ་གྱུར། བྱིས་པའི་ཨ་ཕ་ཁོང་ཁྲོ་ཆེན་པོ་དེ་འདྲ་སྐྱེས་པ་ཁྱིམ་མི་ཚོས་དེ་སྔ་མཐོང་མ་མྱོང་། ཚང་མར་ག་བྱེད་འདི་བྱེད་མེད་པར་གཅིག་གིས་གཅིག་ལ་ལྟ་བཞིན་འདུག སྐབས་དེ་ཏག་ཏག་ལ།  བྱིས་པ་དེ་ཁོའི་ཨ་ཕའི་མདུན་དུ་ཕྱིན་ནས་མགོ་བོ་བཏེགས་ཏེ་བཤད་དོན། ''ཨ་ཕ་ལགས། ངས་རྫུན་བཤད་མི་ཤེས། ངས་རྫུན་མི་བཤད་པ་ཁྱེད་ཀྱིས་ཤེས་པ་རེད།  ངས་སྟ་རེ་ཆུང་ངུ་དེས་བཅད་བཞག ངས་སྟ་རེ་ཨེ་རྣོ་ལ་ཚོད་ལྟ་བྱས་པ་ཡིན།'' བྱིས་པའི་ཨ་ཕས་བྱིས་པའི་གཞུང་དྲང་གི་ཚུལ་མཐོང་ཞིང་། དེ་ལྟར་ཟོལ་མེད་ཀྱིས་ལན་འདེབས་པ་ཐོས་པ་དང་། སེམས་ཀྱི་ཁོང་ཁྲོ་སྐད་ཅིག་ལ་རང་ཡལ་དུ་སོང་ནས་བཤད་དོན། ʺཤོག ངའི་པང་དུ་ཤོག ངའི་གཅེས་ཕྲུགʺ ཟེར་བཞིན་བྱིས་པ་པང་དུ་ཁྱེར་ཏེ་ཡིད་སེམས་ཆེས་ཆེར་མགུ་བཞིན། ʺཁྱོད་ཀྱི་གཞུང་དྲང་གི་རིན་ཐང་དེ་སྲེའུ་སྡོང་ཆིག་སྟོང་ལས་ཀྱང་ལྷག་འདུགʺཟེར་རོ།།


གཏམ་རྒྱུད་འདིའི་མིང་ལ། «གསེར་གྱི་སྟ་རེའི་གཏམ་རྒྱུད་»དམ་«སྲེའུ་སྡོང་གི་གཏམ་རྒྱུད་»ཅེས་ཀྱང་ཟེར། གཏམ་རྒྱུད་འདི་ནི་ཨ་རིའི་རྒྱལ་ཁབ་སྟེ་ཇོར་རྗེ་ཝ་ཞིན་ཐོན་གྱི་ཆུང་དུས་སུ་གཏམ་རྒྱུད་ཅིག་རེད། ཨ་རི་པ་རྣམས་ཀྱིས་མིའུའི་གཏམ་རྒྱུད་(འུ་ཚོའི་ལྷའུའི་ཡོད་པ་མ་གཏོགས་མིའུའི་གཏམ་རྒྱུད་ཤིན་ཏུ་དཀོན།)དེ་སོགས་ཀྱིས་བྱིས་པ་རྣམས་ལ་རྟག་ཏུ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ལ། མི་རབས་ནས་མི་རབས་སུ་ཀུན་སྤྱོད་དང་གཤིས་རྒྱུད་ལེགས་པོའི་བག་ཆགས་ཟབ་མོ་ཞོག་སྐད་དོ།།  


      གཏམ་རྒྱུད་འདིའི་ངོ་གདོང་དུ། ཕ་བུ་གཉིས་བར་གྱི་གཏམ་རྒྱུད་ཅིག་ལས་དགེ་རྒན་རྣམས་དང་འབྲེལ་བ་མེད་པ་ལྟར་འདུག་ནའང་ཁོ་བོས་དེ་ལྟར་མི་ལྟ་སྟེ།  གཏམ་རྒྱུད་འདི་ལྟ་བུ་ལ་འུ་ཚོའི་ཕ་མ་རྣམས་ཀྱིས་རྣམ་དག་གིས་སློབ་སྦྱོང་བྱེད་དགོས་པར་མ་ཟད། དགེ་རྒན་རྣམས་ཀྱིས་ཀྱང་སློབ་གསོའི་ཐབས་བཀོད་དེ་འདྲར་གཙིགས་ཆེན་གནང་དགོས། རྒྱུ་མཚན་ནི། ཁྱེད་ཚོ་ནི་ཤེས་བྱ་སློབ་མཁན་ཁོ་ན་ཙམ་མ་ཡིན་པ་དང་། ཁྱེད་ཚོའི་མིའི་དགེ་རྒན་དང་མི་སྐྱེད་སྲིང་བྱེད་མཁན་ཡིན་ཕྱིར་རོ།།   ཁྱེད་རྣམ་པ་ཚོས་མི་རིགས་ཀྱི་གཤིས་རྒྱུད་ལེགས་པོ་འཁྱོངས་མིན་ཁྱེད་ཚོར་རག་ལས་ཡོད་པའི་གནད་འདི་ཤེས་པའི་རྗེས་ལ། སློབ་གསོའི་རྩ་བ་གལ་ཆེན་གཅིག་སྟེ་གཤིས་སྤུས་སློབ་གསོའམ་ཀུན་སྤྱོད་སློབ་གསོ་འདི་ཉིད་བཏང་སྙོམས་སུ་མི་འཇོག་པ་དང་། སློབ་གསོའི་མིག་དཔེ་ཡིན་པའི་ཆ་ནས་རང་རང་སོ་སོའི་ཀུན་སྤྱོད་ཀྱི་ཚད་གཞིའང་ཅི་ནས་ཀྱང་ཇེ་ལེགས་སུ་གཏོང་ཐུབ་པར་རེའོ།།       


3 ཐབས་ལ་མཁས་པ།

སློབ་མ་རྣམས་ལ་མི་རྒྱུད་དང་གཤིས་ཀའི་དབང་གིས་རིག་པ་མྱུར་བུལ་དང་། བློ་གསལ་མི་གསལ། འགུལ་སྐྱོད་དལ་བྲེལ་སོགས་ཀྱི་ཁྱད་པར་ཆེ། དགེ་རྒན་གྱིས་སོ་སོའི་ཁྱད་ཆོས་བརྟགས་ཏེ་ཤེས་པ་ན་གང་ལ་གང་མཐུན་གྱིས་སློབ་མ་ལ་ལར་སྤོབས་པ་སྩོལ་བ་དང་། ལ་ལར་ཡིད་ཆེས་སྟོན་པ། ལ་ལ་གཟེངས་སུ་བསྟོད་པ། ལ་ལར་སྐུལ་མ་གཏོང་བ། ལ་ལར་སྐྱོན་མཛུབ་འཛུགས་པ་སོགས་སྐབས་བསྟུན་གྱི་ཐབས་ལམ་སྣ་ཚོགས་རེད་མོས་སུ་སྤྱོད་ཤེས་དགོས། བྱིས་པ་རྣམས་ཀྱིས་རང་གི་དགེ་རྒན་སུ་ལའང་ཕ་མ་ལས་བརྩི་བཀུར་ཆེ་ཞིང་ཚད་མར་འཛིན་ལ། ཁོང་ཚོས་བཤད་པའི་སྐད་ཆ་མཐའ་དག་བཟློག་ཏུ་མེད་པའི་རྒྱལ་པོའི་བཀའ་བཞིན་འཁུར་རོ།།

ཐབས་ལ་མཁས་ན་དགེ་རྒན་གྱི་སྐད་ཆ་གཅིག་གིས་ཀྱང་སློབ་མ་ཤེས་བླུན་ཞིག་གི་མི་ཚེའི་ངོ་བོ་བསྒྱུར་འགྲོ་བའི་ཚུལ་མཐོང་ཐོས་གང་མང་འབྱུང་རྒྱུ་འདུག དེ་ནི་དགེ་རྒན་གྱིས་སློབ་མ་ལ་ʺང་ཁྱོད་ལ་ཡིད་ཆེས་ཡོད་ʺདང་། ʺཁྱོད་དཔའ་ངར་ཅན་ཞིག་འདུག་ʺདང་།  ʺདེ་ཁྱོད་ཀྱིས་འགྲུབ་ནི་རེད་ʺལྟ་བུའི་སློབ་གསོའི་གདམས་ངག་ལེགས་པོ་དག་སྤྱད་པའི་འབྲས་བུ་རེད།


      འོན་ཀྱང་། འུ་ཚོའི་དགེ་རྒན་ཕལ་མོ་ཆེ་དེ་ལས་ལྡོག་སྟེ། ʺང་ཁྱོད་ལ་ཡིད་ཆད་དང་།ʺ ʺབླུན་ཕྲུག་ཁ་ནག་ʺདང་། ʺདེ་ཙམ་ཡང་མི་ནུས་ན་ཤི་སོང་བ་མིན་ནམ་ʺདང་། ʺཟོག་འདྲ་བོ། མར་སོང་།ʺ སོགས་བྱིས་པའི་རང་རྩིས་དེ་མ་ཐག་གསོད་པའི་སྡིགས་སྐད་ཡ་ང་བ་སྣ་ཚོགས་བརྗོད་ཅིང་། དེ་དང་འགྲོགས་ཏེ་ཐལ་ལྕག་དང་། རྡོག་ཐོ། དབྱུག་པ་སོགས་ཁྲིམས་ཆས་འདྲ་མིན་མང་པོ་རང་འདོད་དུ་སྤྱོད་པར་ཐེ་ཚོམ་ཅི་ཡང་མེད། ཁོ་ཚོས་སློབ་མ་རྣམས་ས་འབུ་ཐག་ནར་ཙམ་ལའང་མི་རྩི་བར་གཅར་རྡུང་ཐལ་དྲག་པོ་བཏང་བས་སློབ་མའི་རྣ་བ་འོན་པ་དང་ཡན་ལག་ཞ་བོར་བཏང་བའང་ཐོས་རྒྱུ་འདུག དགེ་རྒན་དེ་རིགས་ཀྱིས་ཁོ་ཚོ་སློབ་མའི་མདུན་དུ་ཁ་ཆེན་དབང་ཆེན་ཞིག་དང་རྫིག་རྔམ་ཅན་ཞིག་བྱེད་འདོད་པ་ལོས་ཡིན། དེ་ཡང་འུ་ཚོའི་དགོན་སྡེའི་ཆོས་ལུགས་སློབ་གསོ་བྱེད་སྟངས་ལ་ལད་མོ་བྱས་པ་འདྲ་སྟེ་བྱིས་པའི་རང་དབང་དང་། རྩིས་ཐང་། འདྲ་མཉམ་གྱི་འདུ་ཤེས་རྣམས་རྨེག་མེད་དུ་གཏོང་བ་ལས་ཐུ་བའི་འཇོམས་བྱེད་གཞན་གང་ཡང་མེད། 


ཁོ་བོ་ཆུང་དུས་སློབ་འབྲིང་འགྲིམ་སྐབས། གྲྭ་སའི་དགེ་བཤེས་ཤིག་གི་མདུན་དུ་སྙན་ངག་སློབ་ཏུ་ཕྱིན། དེར་ཁོང་གིས་ʺཁྱོད་ཚོའི་སྡེ་བ་ན་སྔོན་ཆད་ལྷམ་འདེབས་མཁན་(ལྷམ་བཟོ་པ་)འགའ་མ་གཏོགས་མེད། ད་ལྟ་དཔེ་ཆ་ཤེས་ནི་ཡང་འདུག བཟང་གི སྲལ་ལེན་བྱོས། གསར་བཤད་དགོས་དོན་མེད། འུ་ཚོའི་སྔོན་ཆད་ཀྱི་མཁས་པ་ཚོས་ས་ར་དགའ་ར་(གསལ་པོ)གསུངས་ཡོད་ནི་རེད།  དེ་དག་ལ་བལྟས་པས་ཆོག་ʺཅེས་ཟེར་རོ།། 

ཡ་མཚན་པ་ནི་ད་ལྟའི་དགེ་རྒན་རྣམས་ཀྱིས་ཀྱང་སློབ་མ་ལ་དེ་སྐད་བཤད་སྲིད་དེ། ཁོ་ཚོ་གནད་དོན་གང་འཕྲད་ཀྱང་ʺདེ་ཁྱོད་འུ་གཉིས་ཀྱིས་ཤེས་ནི་མ་རེད། སྙིང་རྗེ། ཁ་རོག་སྡོད་ʺཅེས་སློབ་མའི་དྲི་བ་སྣ་ཚོགས་ལན་མེད་དུ་བྱེད་ཅིང་ཤེས་རབ་ཀྱི་སྒོ་མོ་སྐད་ཅིག་གིས་གཅོད་དོ།།


ཡང་གོ་ཐོས་སུ། ཉིན་ཞིག་བན་ཕྲུག་ཅིག་གིས་(བཤེས་གཉེན)ལ་དྲིས་པ། ʺཨ་ཁུ་ལགས། གདུགས་དཀར་ནི་ཕོ་ལྷ་རེད་དམ་མོ་ལྷ་རེད།ʺ ཅེས་པ་ན། ཨ་ཁུས་བན་ཕྲུག་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ཏེ་ʺགླེན་ཕྲུག ཁྱོད་ལ་དེས་ཅི་བྱེད། ཁྱི་ཁ་ཟུམས་ʺཟེར་སྐད། དཔེ་དེ་བཞིན་དགེ་རྒན་གཏུམ་པོ་ཚོས་ཀྱང་རང་གི་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་སློབ་མའི་མཚར་འཛིན་གྱི་བློ་རིག་རྩིས་མེད་དུ་གཏོང་བ་ཤིན་ཏུ་མང་། ཡག་བཙོག་དང་རིང་ཐུང་གི་ཁྱད་པར་ཅི་འདྲ་ཆེ་ཡང་། བཤད་པའི་སྐད་ཆ་ལ་ʺཤེས་མི་དགོས་ʺདང་། ʺཤེས་ཐབས་མེད་ʺདང་། ʺཤེས་པ་མ་རེད་ʺཀྱི་དོན་དང་ལྡན་ཚེ། དེ་ཡིས་སློབ་མ་རྣམས་ཀྱི་གསོན་ཤུགས་འབར་བའི་བློ་རིག་དང་ངོ་མཚར་ཆེ་བའི་ཤེས་རབ་ཀྱི་མྱུ་གུ་རྩད་ནས་ཕྱུང་སོང་བས། དེ་ནི་ཁྲིམས་སུ་མ་ཐེབས་པའི་ནག་ཉེས་ཆེན་པོ་ཞིག་ཏུ་ཁོ་བོས་འདོད་དོ། །དགེ་རྒན་རྣམས་ལ་ཐབས་ལས་ལོག་པའི་བྱེད་སྟངས་འདི་འདྲའང་འདུག་སྟེ། དཔེར་ན། ནམ་ཞིག་རྒྱུགས་བླངས་པ་ན། དགེ་རྒན་གྱིས་རྒྱུགས་འབྲས་ཁྱེར་ཏེ། སློབ་མ་ཅི་ཅི་ཅིག་གི་སྐར་གྲངས་དེ་འདྲ་རེད། སློབ་མ་ཉི་ཉི་ཉིག་གི་སྐར་གྲངས་འདི་འདྲ་རེད་ཅེས་སློབ་མའི་རྒྱུགས་འབྲས་ཀྱི་སྐར་གྲངས་ཕན་ཚུན་བསྡུར་རོ།།


དེར་སྐར་གྲངས་མཐོ་ཤོས་དག་ལ་གཟེངས་བསྟོད་དང་དགའ་མོས་སྟོན་ཞིང་། སྐར་གྲངས་དམའ་ཤོས་དག་ལ་སྡིགས་མ་དང་ཞེན་ལོག་གི་རྣམ་འགྱུར་སྟོན། དགེ་རྒན་ཚོས་སྐབས་དེར་སྐར་གྲངས་ཀྱིས་སློབ་མ་ཞིག་གི་ཕྱོགས་ཆ་སོ་སོ་རིལ་མཐོང་མི་ནུས་པའི་གནད་དེ་ཤེས་ཀྱི་མེད་པ་འདྲ། སློབ་མ་ཞིག་གི་ཕྱོགས་ཡོངས་ཀྱི་ཆུ་ཚད་ནི་སྐར་གྲངས་ཁོ་ནས་ཐག་ག་ལ་ཆོད། དགེ་རྒན་ཚོས་སློབ་མ་རྣམས་ཀྱི་རིག་གནས་ཤེས་བྱ་དང་། མི་གཞི་ཀུན་སྤྱོད། ལུས་སེམས་ཕུང་ཁམས་སོགས་ཕྱོགས་ཀུན་ནས་ཚད་འཇལ་གདེང་འཇོག་བྱེད་དགོས་པ་ལས་རྒྱུགས་འབྲས་སྐར་གྲངས་ཁོ་ནས་སློབ་མའི་མཆོག་དམན་ཕྱེས་ན་ནི། ཕྱོགས་གཅིག་མཐོང་སྟེ་གཉིས་སོགས་མ་མཐོང་བའི་སྐྱོན་ཆེ་བར་འདུག སློབ་མའི་མཆོག་དམན་སྐར་གྲངས་ཀྱིས་མི་ཤེས་ཞེས་པ་ནི་ཁོ་བོ་སློབ་གྲྭ་འགྲིམས་མྱོང་ཞིང་རྒྱུས་ཆེ་བའི་རྒྱུས་གཏམ་སྨྲས་པ་ལགས།


     འུ་ཚོར་མཁོ་བ་ནི་སྐར་གྲངས་ཁོ་ན་མ་ཡིན་པར་མི་གཞི་ལེགས་ཤིང་ཀུན་སྤྱོད་བཟང་བ་དང་། རང་ཚུགས་ཐུབ་ཅིང་བསམ་གཞིག་ཤེས་པའི་མི་བུའི་རིགས་ཡིན།  དེང་དུས་འབྱུང་སྤུས་སློབ་གསོའམ་གཤིས་སྤུས་སློབ་གསོ་ཞེས་གཙིགས་ཆེན་བྱེད་པའི་དམིགས་ཡུལ་ཡང་མདོར་བསྡུས་ན་དེ་ལས་མ་འདས་སོ།།  སློབ་གསོ་དར་བའི་ཕྱི་གླིང་པའི་དགེ་རྒན་རྣམས་ཀྱིས་རྒྱུགས་འབྲས་དག་འཛིན་གྲྭ་ནས་མི་སྒྲོག་པར་ཤོག་ཐུམ་དུ་བཅུག་ནས་སློབ་མ་རང་ལ་སྟེར་བའི་དོན་སྙིང་ནི།  སློབ་མའི་དབང་ཆ་དང་།  ཐོབ་ཐང་། རང་རྩིས་སོགས་ལ་མི་གནོད་པའི་ཕྱིར་ཏེ། འུ་ཚོའི་དགེ་རྒན་རྣམས་ཀྱིས་ཀྱང་སྦྱོང་ཞིང་ལག་ཏུ་བསྟར་ན་ཅི་འདྲ་ལེགས་ཨང་།   འུ་ཚོའི་མི་རྣམས་ཆེ་རུ་སྐྱེས་ཀྱང་རང་ཚུགས་མི་ཐུབ་པ་དང་། བློ་གཤོག་མེད་པ།  བློ་སྣ་ཐུང་བ།  ཅི་ཡང་མི་ཤེས།  ཅི་ཡང་མི་ནུས་པའི་སེམས་ཤས་ཆེ་བ་སོགས་ཀྱི་ཆ་ཡོངས་ཁྱབ་ཏུ་ཡོད་པའི་རྒྱུ་རྐྱེན་གྱི་ས་བོན་དེ་སློབ་གསོ་མི་ཤེས་ཤིང་ཐབས་ལ་མི་མཁས་པའི་དགེ་རྒན་དག་གིས་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ངང་བྱིས་པ་རྣམས་ཀྱི་སློབ་ཆུང་སྐབས་ནས་རྨང་གཞི་ངན་པ་དེ་ལྟར་བཏིངས་ཚར་བ་དང་།  རིམ་གྱིས་སློབ་འབྲིང་དང་ཐ་ན་སློབ་ཆེན་ནས་མཐར་ཕྱིན་ཀྱང་ཁོ་ཚོའི་ལུས་ངག་ཡིད་གསུམ་ཀུན་པོ་རིལ་རིལ་སྒོག་ལོག་ལྟར་ཁ་ནང་འཁོར་དུ་འདུག   བློ་ཡིད་སྐྱོ་བའི་ངན་འབྲས་དེ་མཐའ་དག་གི་འབྱུང་རྩ་ནི་དགེ་རྒན་རྣམས་ཀྱི་སློབ་གསོའི་ཐབས་ལམ་ལ་རག་ལས་ཤིང་། མི་རབས་གསར་བཞེང་གི་ལས་འགན་ལྕི་མོ་ཁུར་དུ་བཞེས་པའི་དགེ་རྒན་ཞིག་ཡིན་ན།  ནག་ཉེས་དེ་འདྲ་མི་བཟོ་བའི་རེ་བ་སྙིང་ནས་ཞུའོ།།


སློབ་གསོའི་ཐབས་ལ་མི་མཁས་པ་དང་སློབ་གསོའི་ཐབས་ལས་ཕྱིན་ཅི་ལོག་པའི་བྱེད་སྟངས་དེ་དག་ནི་སྤྱི་ན་རྒྱལ་སྤྱིའི་སློབ་གསོའི་ཁྲིམས་ལུགས་དང་འགལ་ཞིང་། བྱེ་བྲག་འགྲོ་བ་མིའི་རིགས་རང་གཤིས་ཡ་མ་གཟུགས་སུ་སྒྱུར་བའི་སྐྲན་ནད་དང་གཉིས་སུ་མཆིས་པས། བཀུར་བ་འོས་པའི་དགེ་རྒན་རྣམ་པས་ཐོས་མཐོང་བསམ་རྒྱ་ཇེ་ཆེར་གཏོང་བའི་དགོས་གལ་ཤིན་ཏུ་ཆེའོ།།
      ཁོ་བོས་འདིར་ཡང་ཚད་ལྡན་གྱི་དགེ་རྒན་ཞིག་གི་སློབ་གསོའི་བྱེད་ཐབས་དྲངས་ནས་འུ་ཚོའི་སློབ་གསོ་པ་དག་ལ་ཟུར་ལྟར་འབུལ་འདོད་དེ།
      ཉིན་ཞིག  བྱིས་པ་ཞིག་གིས་ཨ་མས་གསར་དུ་ཉོས་པའི་གསེར་གྱི་དུས་ཚོད་ཅིག་རྩེད་ཆས་རེད་སྙམ་ནས་རྩེ་སྤྱད་བྱས་ཏེ་བཅག  ཨ་མས་ཁོ་པར་གཅར་རྡུང་དྲག་པོཞིག་བཏང་རྗེས་ཁོ་པའི་དགེ་རྒན་ལ་གཏུག    དེར་དགེ་རྒན་གྱིས་ཀུ་རེའི་ཚུལ་དུ་བཤད་པ། ʺཁྱོད་ཀྱིས་ཧ་ལམ་ཀྲུང་གོའི་ʺཨེ་ཏི་སིན་ʺཞིག་སྲོག་ཐོག་བཏང་སོང་།ʺ ཟེར་བར་ཨ་མ་དེས་ཧ་མ་གོ  དགེ་རྒན་གྱིས་གསལ་པོར་བཤད་དོན།


ʺབྱིས་པའི་བྱ་སྤྱོད་དེ་གསར་སྐྲུན་ནུས་ཤུགས་ཀྱི་མངོན་སྟངས་ཤིག་རེད། ཁྱོད་ཀྱིས་བྱིས་པ་རྡུང་མི་འོས། བྱིས་པའི་ལག་ཟུང་བཅིངས་འགྲོལ་གཏོང་དགོས། ཁོ་པར་ཆུང་དུས་ནས་ལག་པ་འགུལ་བའི་གོ་སྐབས་སྟེར་དགོས།ʺ


ʺའོ་ན་ངས་ད་ནས་བཟུང་ཅི་ཞིག་བྱེད་དགོས?ʺ ཨ་མ་དེ་འགྱོད་པ་ཞེ་དྲག་ཅིག་སྐྱེས་ནས་བཤད།
ʺའགྱོད་བཤགས་བྱ་ཐབས་ཡོད་ནི་རེད།ʺ དགེ་རྒན་གྱིས་མུ་མཐུད་དེ་བཤད་རྒྱུར།
ʺཁྱོད་ཀྱིས་བྱིས་པ་ཁྲིད། གསེར་གྱི་དུས་ཚོད་ཁྱེར་ཏེ་དུས་ཚོད་ཞིག་གསོ་བྱེད་ཚུལ་བྱིས་པ་ལྟ་རུ་ཆུགས།  དེ་ལྟར་བྱས་ན་དུས་ཚོད་ཞིག་གསོ་ཁང་ནི་སློབ་ཁང་དུ་གྱུར། དུས་ཚོད་ཞིག་གསོ་མཁན་ནི་དགེ་རྒན་དུ་གྱུར། ཁྱོད་ཀྱི་བྱིས་པ་ནི་སློབ་མར་གྱུར། ལས་ཡོན་ནི་སློབ་ཡོན་དུ་གྱུར། དེ་དུས་ཁྱོད་ཀྱི་བྱིས་པའི་མཚར་འཛིན་གྱི་བློ་ཡིད་ཚིམ་ནི་རེད།  གཅིག་བྱས་ན་ཁྱོད་ཀྱི་བྱིས་པས་དུས་ཚོད་ཞིག་གསོ་བྱེད་ཚུལ་ཤེས་ནའང་ཐང••••ʺ ཁ་ཏ་དེ་ནི་རྒྱའི་སློབ་གསོ་མཁན་ཐའོ་ཞིན་ཀྲི་ཡིས་བུད་མེད་ཅིག་ལ་གདམས་པའི་དོན་རེད། དེ་ནི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་གི་ཐབས་ཤེས་དང་བློ་ཁོག་རེད། འུ་ཚོའི་བྱིས་པ་རྣམས་ཀྱང་སློབ་གསོའི་ཁོར་ཡུག་དེ་འདྲ་ནས་འཚར་ལོངས་འབྱུང་ཐུབ་རྒྱུ་ན། ད་གཟོད་མི་ཤེས་རབ་ཅན་དང་། མི་ཀུན་སྤྱོད་ཅན། མི་རྒྱུ་བ་ཅན། མི་སྒལ་ཚིགས་ཅན། མི་འཇོན་ཐང་ཅན། མི་གཞི་ལེགས་པོ་གང་མང་སྐྱེ་སྲིད་ཀྱི་རེད།  ང་ཚོས་ནམ་ཡང་མི་རབས་གསར་པ་ཞེས་སྐད་ཆེན་པོ་རྒྱག་པའང་མདོར་བཤད་ན་ཁྱད་ཡོན་དེ་དག་དང་ལྡན་པའི་མི་སྐྱེ་བར་རེ་བ་ཡིན་ནོ།།

4 དགའ་ཞེན་ཆེ་བ།    

འདི་ལ་དོན་རིམ་པ་གཉིས་ཡོད། གཅིག་ནི་ལས་རིགས་ཏེ་དགེ་རྒན་གྱི་ལས་ཀ་ལ་དགའ་ཞེན་ཆེ་བ་དང་། གཉིས་ནི་སློབ་མ་ལ་དགའ་ཞེན་ཆེ་བའོ།།   
མི་རྣམས་ལས་གནས་གང་ན་ཡོད་ཀྱང་སོ་སོའི་དམིགས་བྱ་མི་འདྲ་ནའང་རང་གི་ལས་རིགས་ལ་དགའ་དགོས་པ་དེ་ཐོག་མའམ་སྔོན་འགྲོའི་ཆ་རྐྱེན་རེད། རང་གི་ལས་རིགས་ལ་མི་དགའ་བའི་མི་ཞིག་ལས་གནས་དེར་གྲུབ་འབྲས་ཆེན་པོ་ལོན་པ་ཤིན་ཏུ་དཀའ།
དགེ་རྒན་གྱི་ལས་རིགས་ཀྱང་དེ་མཚུངས་རེད། འུ་ཚོས་དེང་དུས་ཀྱང་ʺདེ་ལས་བྱེད་པ་ཞིག་མ་རེད། དགེ་རྒན་ཞིག་རེད།ʺ (མདོ་སྨད་པ་སྨན་བླ་སྐྱབས་ཀྱི་ཁ་ཤགས་ལས་དྲངས།) ཅེས་དམའ་འབེབ་པར་བྱེད།  དེ་ཡིས་འུ་ཚོར་རིག་གནས་ཀྱི་ཁོར་ཡུག་རྣམ་དག་དང་མཛེས་དཔྱོད་ཀྱི་ལྟ་ཚུལ་ཡང་དག་ཅིག་ཆགས་མེད་པ་གསལ་བཤད་བྱས་འདུག
དགེ་རྒན་གྱིས་མི་ཡི་མཆོད་རྟེན་འདྲ་མིན་སྣ་ཚོགས་བཞེང་གི་ཡོད་ཕྱིར། དཔལ་ཡོན་ལྡན་པའི་མི་རིགས་དག་གིས་དགེ་རྒན་ནི་མིའི་བླ་སྲོག་བྱེད་པོ་རེད་ཅེས་བསྔགས་བརྗོད་བྱེད་ཅིང་ཐོབ་ཐང་མི་དམན་པ་སྤྲོད་དོ། །འུ་ཚོས་ཀྱང་གོམས་སྲོལ་དེར་ཅི་ནུས་ཀྱིས་སློབ་སྦྱོང་བྱེད་དགོས་འདུག

དང་པོ། དགེ་རྒན་སུ་ཡིན་ཀྱང་རང་གི་ལས་རིགས་ལ་དགའ་ཞེན་ཆེ་དགོས།

རང་གི་ལས་རིགས་ལ་མི་དགའ་བ་ནི་རང་གི་ལས་རིགས་ཀྱི་མཆོག་གྱུར་རང་བཞིན་དང་། གླ་ཆེན་རང་བཞིན། འགན་ལྕི་རང་བཞིན་སོགས་ལ་ངོས་ཟིན་ཡང་དག་མེད་པའི་རྐྱེན་ལས་བྱུང་བ་རེད། དགེ་རྒན་ཞིག་དགེ་རྒན་གྱི་ལས་རིགས་ལ་མ་དགའ་བར་ལས་ཀ་ཁྲལ་མངོན་སླ་བཅོས་དང་འགྲོ་ཐབས་འདུག་ཐབས་བྱས་ན། དེས་བརླག་པ་ནི་དོན་བྱ་ཕྲན་ཚེགས་ཙམ་མ་ཡིན་པར་མི་རབས་གཅིག་དང་ཐ་ན་མི་རབས་མང་པོ་བརླག་འགྲོ་བའི་ཉེན་ཁ་འདུག དེ་བས། ཁོང་ཚོའི་ལས་ཀ་དེ་མང་པོ་ཞིག་དང་མི་རིགས་ཤིག་གི་དར་རྒུད་ལ་ཐད་ཀར་འབྲེལ་བ་ཡོད་ཅེས་བཤད་ཆོག དགེ་རྒན་གྱི་ལས་རིགས་ནི་སྙན་གྲགས་དང་སྒེར་སེམས་གང་ཡང་མེད་ཅིང་གཏོང་འབུལ་ཤས་ཆེ་བའི་ལས་རིགས་ཤིག་རེད་མོད། ཁོང་ཚོས་བཞེངས་བསྐྲུན་བྱེད་པ་ནི་མི་ཡུལ་གྱི་ཆེས་མཚར་ལ་སྡུག་པའི་སྲོག་ལྡན་གྱི་ʺཔོ་ཏ་ལ་ʺརེ་རེ་རེད། ཁོང་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྐྲུན་མཁན་གཙོ་གྲས་ཤིག་རེད། ཁོང་ཚོའི་དོན་སྙིང་དང་རིན་ཐང་དག་སྤྱི་ཚོགས་ཡོངས་ཀྱིས་ཤེས་དགོས་ལ་ལྷག་པར་དུ་ཁོང་ཚོ་རང་ཉིད་ཀྱིས་རྟོགས་དགོས།


ཡིན་ནའང་། རང་གི་ལས་ཀའི་དོན་སྙིང་དང་ལོ་རྒྱུས་ཀྱི་རིན་ཐང་མ་ཤེས་པས་ནམ་ཡང་འགྲོ་ཐབས་འདུག་ཐབས་བྱེད་མཁན་གྱི་དགེ་རྒན་ཡང་ཡོད་སྐད་ཐོས། དེ་ཚོས་སློབ་ཁྲིད་ཅིག་བྱེད་པའི་དབང་དུ་བཏང་ནའང་སློབ་མ་རིག་ཡག་ཅིག་བོས་ཏེ། ʺཁྱོད་ཀྱིས་སློབས། ཚང་མས་རྗེས་དེད་ནས་སྦྱོངས།ʺ ཟེར་ཞིང་སློབ་ཁྲིད་ཀྱི་ལས་དག་ཀྱང་སློབ་མའི་སྟེང་ལ་དཀྲི་བར་བྱེད་སྐད། བདེན་ཤས་ཆེ་སྟེ། ཁོ་བོ་ ༢༠༠༢ ལོའི་ཟླ་ ༡༠ པའི་ཟླ་མཇུག་ཏུ་གཞུང་དོན་ལ་འབྲོག་ཁུལ་སྐོར་ཞིག་ཏུ་ཕྱིན། སློབ་གྲྭ་ག་གེ་མོར་འབྱོར་བ་ན་ཁོ་བོ་བསམ་གཟས་ནས་སློབ་ཆུང་ལོ་རིམ་དང་པོའི་སློབ་ཁང་(དེར་དགུན་མ་སླེབས་ཀྱང་གྲང་ངར་ཆེ། འོན་ཏེ་སློབ་ཁང་དུ་དྲོད་ཆས་གང་ཡང་མེད།)དུ་སོང་ནས་སློབ་མ་རྣམས་ལ་ཡི་གེ་ཀློག་པར་སྐུལ།  ཁོ་ཚོས་བོད་ཡིག་གི་གསལ་བྱེད་སུམ་ཅུ་དང་རྩིས་ཀྱི་ཨང་གི་རྣམས་གདངས་དབྱངས་ཤིག་ལ་བཀུག་སྟེ་འདོན་ཞིང་། གྲང་ངར་གྱིས་ཁ་ལག་ཐམས་ཅད་སྙིང་རྗེ་རྗེའི་ངང་དུ་འདུག་ནའང་ངས་ཁོ་ཚོའི་ཅི་ཞིག་ཤེས་འདོད་ཀྱི་རེ་བའི་མིག་ཟུང་མཐོང་ལ། སླད་མེད་ཀྱི་སེམས་པ་ཆུང་ངུ་དག་ཀྱང་ཤུགས་ལ་མཐོང་། དེར་ཁོ་ཚོའི་ལས་བྱ་འབྲི་དེབ་བཟློགས་པ་ན་ལས་ཐེངས་གཉིས་ཙམ་ལས་བཀོད་སྒྲིག་བྱས་མེད། ཕལ་ཆེར་སློབ་སྐབས་ཕྱེད་ཕྱིན་ལ་ཉེ་ཡང་། ལས་བྱ་ཐེངས་གཉིས་ལས་མ་བྱིན་པར་བསམས་ན།  དགེ་རྒན་དེ་ཚོས་རང་གི་བྱ་བར་འགན་ཅི་འདྲ་ཁུར་བ་དང་ལས་རིགས་ལ་དགའ་ཚད་ག་འདྲ་ཡོད་པ་བཤད་ཀྱང་ཤེས་ནས་འོང་།  ཁོ་ཚོས་འུ་ཚོའི་མི་རབས་རྗེས་མ་རྣམས་དེ་ལྟར་བརླགས་པ་ཡིན་ན། དེ་ནི་བཟོད་པར་དཀའ་བའི་ནག་ཉེས་ཆེན་པོ་ཞིག་ཏུ་ངོས་མི་འཛིན་ཀ་མེད་རེད།

གཉིས་པ། དགེ་རྒན་སུ་ཡིན་ཀྱང་རང་གི་སློབ་མ་ལ་དགའ་ཞེན་ཆེ་དགོས།

བྱིས་པ་སྣབས་ལུག་དེ་དག་ཅི་ཡང་མི་ནུས་པའི་སྲོག་ལྡན་ཙམ་དུ་བལྟས་ན་ཁྱེད་ཚོ་འཕྱུགས་སོང་། ཁོ་ཚོ་ནི་ʺམི་རིགས་ཀྱི་ལ་རྒྱ་དང་མ་འོངས་པའི་རེ་བ་ʺརེད་ལ། ཁོ་ཚོ་ནི་མི་ཡི་ཚེ་སྲོག་གི་ཐོག་མའི་གཞི་གྲུབ་ཀྱང་རེད། དགེ་རྒན་ཁྱེད་ཚོ་སློབ་མ་ལ་དགའ་ན་ནི་མི་རིགས་ལ་དགའ་བ་རེད་ལ་ཚེ་སྲོག་ལ་དགའ་བའང་རེད། འཇིག་རྟེན་འདིར་དེ་ལས་ལྷག་པའི་རླབས་ཆེ་བ་མེད་དེ། ཆོས་གཞུང་དུའང་དགའ་བ་ཚད་མེད་ཅེས་ཚད་མེད་བཞི་ཡི་གྲངས་སུ་བགྲངས་ཤིང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཟེར་བའང་དོན་གྱི་ཕུགས་དེད་ན་གཞན་ལ་དགའ་བ་སོགས་ཀྱི་སྟེང་ལ་འབབ་བོ།།
དེ་ལྟ་བུའི་དགའ་བ་ཆེན་པོ་དང་ལྡན་པའི་དགེ་རྒན་ཡང་ཆོས་དང་འཇིག་རྟེན་ཀུན་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་སའི་གཞིར་གྱུར་ཅིང་མི་རྣམས་ཀྱིས་''དགེ་རྒན''ཞེས་ཤིན་ཏུ་སྙན་པའི་ཐ་སྙད་ཀྱི་ཆོ་ལོ་སྦྱར་ཏེ་བསྐལ་པའི་བར་དུ་བརྩི་ཞིང་བཀུར་རོ།།
འོན་ཀྱང་། འུ་ཚོའི་དགེ་རྒན་ལ་ཤས་སློབ་མ་ལ་མི་དགའ་བར་ཨ་རག་སྦི་རག་འཐུང་རྒྱུ་དང་། མ་ཅང་རྒྱན་པོ་འགྱེད་རྒྱུ། སྦག་སྦག་འཁོར་ལོར་ཞོན་རྒྱུ།  ལྟག་སྒོ་འདྲེ་ལམ་བརྒྱུད་རྒྱུར་དགའ་ཞིང་། ཉིན་མཚན་ཐོག་ཐག་ཏུ་ར་བཟི།  རྒྱལ་བསྐུགས་ནས་ཉི་མ་འཁྱོལ་ཐབས་བྱེད་པའང་ཡོད་སྐད།

       གཞུང་ཕྱོགས་ནས་དགེ་རྒན་རྣམས་ལ་ཟླ་ཕོགས་སམ་གླ་ཡོན་མི་དམན་པ་ཁྱད་མེད་དུ་སྦྱོར་ཞིང་། སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གསོའི་ཁ་ཕྱོགས་དང་ལས་འགན་སོགས་ཀྱི་ཡིག་ཆ་རབ་དང་རིམ་པ་གཏོང་གི་འདུག  ངན་ལང་སྐྱག་ལང་དུ་ཕྱིན་པའི་དགེ་རྒན་དེ་ཚོས་སྤྱི་ལ་བཅས་པའི་ཁྲིམས་ཀྱང་འཛེམ་མེད་དུ་ཁྱད་གསོད་གཏོང་ཕོད་ན། གླ་ཡོན་གྱི་ངོ་ལ་ལྟ་བ་སོགས་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། ང་ཚོ། ཚུལ་ལྡན་སོགས་ཀུན་སྤྱོད་ཀྱི་ཆ་དང་རིང་དུ་འགལ་འདུག་ཅེས་གསལ་འདེབས་ཙམ་བྱ་བ་མ་གཏོགས། ཐབས་བཀོད་གཞན་ཅི་ཡང་མེད་པ་ལྟར་འདུག ག་ས་གང་ལ་མ་མཐའི་རྒྱུ་འབྲས་ཀྱི་འདུ་ཤེས་ཙམ་ཡང་མེད་པའི་དགེ་རྒན་མང་བ་དེའི་རྒྱུ་རྐྱེན་ཡང་། འུ་ཚོས་སྔར་ནས་གཤིས་སྤུས་སློབ་གསོའམ་ཀུན་སྤྱོད་སློབ་གསོ་ལ་གཙིགས་ཆེན་མ་གནང་བའི་བཙོག་པ་འཁོར་རྒྱུག་གི་ངན་འབྲས་སུ་ཁོ་བོས་འདོད་ཅིང་། མཆོག་ཏུ་གྱུར་པའི་དགེ་རྒན་གྱི་དཔུང་ཁག་གཙང་མའི་ལས་རིགས་སུའང་མི་དེ་འདྲ་བསྡད་ཀྱིན་ཇེ་མང་དུ་ཕྱིན་པ་ཡིན་ན། མི་རིགས་འདིའི་མཇུག་མཐའི་རེ་བའི་གཞི་མ་གང་ལ་བཅའ་དགོས་པ་ཁོ་བོས་ངོ་མ་མི་ཤེས་སོ།།

མཇུག་བསྡུ་བ།

གོང་དུ་ཡོན་ཏན་སློབ་མ་ལས་ལྷག་པ་སོགས་མཚན་ཟུར་བཞིའི་སྟེང་ནས་དགེ་རྒན་ལ་མཚན་ཉིད་འཇོག་ཁུལ་གྱིས་ཡིག་ཚོགས་ལ་མ་འཇིགས་པར་དགེ་རྒན་གྱི་རིན་ཐང་དང་། དོན་སྙིང་། བྱ་བ་བྱེད་སྟངས། ལྡོག་ཕྱོགས་ཀྱི་ངན་འབྲས་སོགས་ལ་བསམ་ཚོད་ཅིག་བཤད་པ་ནི། ཁོ་བོས་སློབ་གསོའི་ལས་དོན་ལ་བཅིངས་པའི་ལྟ་ཚུལ་ཙམ་ཡིན། དོན་དམ་དུ། དགེ་རྒན་རབ་ཅིག་ཡིན་ན་མཚན་ཉིད་ཇི་ལྟར་བཞག་ཀྱང་བཞག་གོ་མི་ཆོད་ཅིང་། དགེ་རྒན་ཐ་མ་ཞིག་ཡིན་ན་མཚན་ཟུར་བརྒྱ་ཕྲག་བརྩེགས་ཀྱང་ཇེ་ལེགས་སུ་འགྲོ་བའི་ངེས་པ་མེད་པར་ལྟར་འདུག མཚན་ཟུར་བཞི་ཡིས་ཤོད་ཀྱང་རུངང་མ་ཤོད་ཀྱང་རུང་། དོན་གྱི་གནད་འགག་ནི་དགེ་རྒན་རྣམས་ཀྱིས་ཐབས་ལམ་གང་ལ་བསྟེན་ཀྱང་སློབ་མ་འཇོན་ཐང་ཅན་དག་སྐྱེད་སྲིང་བྱེད་ཐུབ་ན། དེ་དུས་སློབ་ཆུང་སློབ་གསོའི་ལས་འགན་མཐའ་དག་གྲུབ་ཚར་ཞིང་འུ་ཚོའི་རྫོགས་ལྡན་ཟེར་བའང་དེ་དུས་འབྱོན་སྲིད་ཀྱི་རེད། གང་ལྟར་ཁོ་བོ་སློབ་གསོ་ལ་རེ་ལྟོས་ཆེ་བས་འདི་ལྟར་མི་རྣམས་ལ་སྤྱི་ཕྱོགས་ནས་སློབ་གསོའི་ངོས་ཟིན་གཏིང་ཟབ་མོ་རེ་ཆགས་དགོས་པ་སྐུལ་ཞིང་། ངོ་མ་བཤད་ན། འུ་ཚོས་གང་ཞིག་འཁྱོངས་དགོས་ན་སློབ་གསོས་མ་གཏོགས་གང་གིས་ཀྱང་མི་འཁྱོངས་པ་མངོན་སུམ་རེད། འདི་ཡང་ཁོ་བོའི་ལྟ་ཚུལ་གཙོ་བོ་གཅིག་ཡིན། བྱེ་བྲག་སློབ་ཆུང་སློབ་གསོ་བྱེད་ཐབས་དང་། དགེ་རྒན་གྱི་གསོ་སྦྱོང་། སློབ་གསོ་ལག་ལེན་བྱ་ཐབས་སོགས་ཀྱི་རྒྱས་བཤད་ནི་སློབ་གསོའི་འབྲེལ་ཡོད་སྡེ་ཁག་དང་དགེ་རྒན་ཉམས་མྱོང་ཅན་དག་གི་སྐད་ཆ་ལ་རེ་བས་བསྐྱུར་བཞག་གོ། །།

གསལ་བཤད།  རྒན་ཞོགས་དུང་གི་ལེགས་རྩོམ་བརྩམས་ཆོས་«དོགས་སློང་སྙིང་སྟོབས་»ལས་ཤོག་ངོས་ ༡༩༧༢༢༡ བར་དུ་རྩོམ་སྒྲིག་པ་མགར་སྨྱུག་རྩེས་ཡི་གེར་ཕབ་ཏེ་བཤུས་ནས་ཆུ་དམར་རྩོམ་རིག་དྲ་བར་བཀོད།

 

ཡོང་ཁུངས། བོད་ཀྱི་རྩོམ་རིག་དྲྭ་བའི་འཕྲིན་སྟེགས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།