རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 12 September 2020

དོལ་པོ་ཚེ་རིང་བླ་མའི་སྙན་ངག་གསུམ།


1. དལ་འབྱོར་རྙེད་དཀའི་མཐའ་ཚིགས།

 

སྙིགས་མའི་དུས་སུ་ངུར་སྨྲིག་འཛིན་ཏེ།།

ཀ་མད་སུམ་ཅུ་དབྱངས་སུ་གྱེར་བཞིན།།

དམ་པའི་ཞབས་རྗེས་མ་མཇལ་བར་དུ།།

ནམ་མཁའི་དབྱིངས་སུ་འཕུར་བར་མི་འདོད།།

 

བྱིན་རླབས་ཟབ་མོ་སེམས་ལ་འཇུག་ཏེ།།

མ་ཎི་འབྲུ་དྲུག་སློབ་དགོས་མེད་པར།།

ཁོང་དུ་ཆུད་པའི་རིགས་སུ་སྐྱེས་ནས།།

ཞུམ་ཞུམ་མང་པོ་བྱེད་པར་མི་འདོད།།

 

བྱང་སེམས་སྟོང་གི་ཞབས་རྗེས་སྙེགས་ཏེ།།

བྱང་ཆུབ་སེམས་པའི་རྣམ་ཐར་བསྐྱོང་བཞིན།།

གད་མོ་འཛུམ་འཛུམ་སྟོན་པ་མ་གཏོགས།།

སྐྱོ་བའི་སྨྲེ་སྔགས་སྒྲོག་པར་མི་འདོད།།

 

སྟོན་མཆོག་ཐུབ་པའི་སློབ་མར་གྱུར་ཏེ།།

དགའ་སྤྲོ་འབུམ་གྱིས་རང་སེམས་མགུ་བཞིན།།

མར་གྱུར་འགྲོ་ལ་ཕན་པ་མ་གཏོགས།།

གནོད་པའི་སེམས་པ་འཆང་བར་མི་འདོད།།

 

མཁས་མང་དུ་མའི་ཞབས་པད་བསྟེན་ཏེ།།

གཞུང་ལུགས་འབུམ་གྱི་གོ་བར་མ་གཏོགས།།

ཟེར་ཟེར་མང་པོའི་ལྗགས་རྩོམ་དག་ལ།།

དུས་ཚོད་སྐྱེལ་བའི་རེ་བ་མི་འདོད།།

 

རྟོག་གེའི་གཞུང་ལུགས་ཆུ་ཕྲན་བལྟས་ཏེ།།

ང་རྒྱལ་ཆེན་པོ་རྒྱ་མཚོ་ནང་བཞིན།།

ཉེར་གཅིག་དུས་ཀྱི་ཁྲོམ་ཚོགས་དག་ཏུ།།

ང་ང་མང་པོ་ཟེར་བར་མི་འདོད།།

 

ཚེ་གཅིག་བགྲོད་པའི་ཉེ་ལམ་བསམ་ཏེ།།

གཞུང་བརྒྱའི་དོན་ལ་གོ་བ་བསྐྱེད་བཞིན།།

ཟབ་དོན་གནད་ཀྱི་གསེར་བསྒྱུར་རྩི་ཡིས།།

མ་དག་སྣང་བ་འབྱོང་བར་བྱེད་འདོད།།

 

དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭར་སློབ་གཉེར་བྱེད་སྐབས་ཅུང་ཟད་བྲིས།



2.སངས་རྒྱས་གསོན་པོར་མཇལ་བའི་སྐལ་ལྡན་གྱི་བུ།

 

དྲན་ཤེས་བརྟན་པོས་ཅུང་ཟད་ཅིག་བརྟགས་ཚེ།།

ནོར་བུའི་གླིང་ན་སླེབས་པ་འདི་ཤེས་བྱུང་།།

ཚེ་སྔོན་ལས་ཀྱི་འབྲེལ་ཐག་དེ་བཟང་བས།།

སྒྱིད་ལུག་འདོར་ནས་བླ་མ་ལ་འདུད་དོ།།

 

སངས་རྒྱས་དངོས་དང་མཉམ་པ་ཡི་བླ་མ།།

དབང་བསྐུར་ཚད་ལྡན་ཐོབ་པ་ནས་ཡིན་པས།།

རྟེན་འབྲེལ་ལམ་བྱེད་ཟབ་ཆོས་ཀྱི་བརྒྱུད་པར།།

སྒོ་གསུམ་དྭངས་བའི་གུས་རྟག་གིས་བརྩོན་ནོ།།

 

བསོད་ནམས་ཟད་ན་མི་རྙེད་པའི་བཤེས་གཉེན།།

རྡོ་རྗེ་འཆང་དངོས་མི་བུ་ཡི་གཟུགས་འཛིན།།

འདི་འདྲ་མཇལ་བའི་སྐལ་ལྡན་གྱི་བུ་ངས།།

བླ་མར་འདུད་དོ་བྱིན་གྱིས་རང་རློབ་རོགས།།

 

བསམ་ཞིང་བསམ་ན་དགོས་འདོད་ཀྱི་ནོར་བུ།།

འཁོར་བ་སྤངས་པའི་འབྲས་རྟགས་ཀྱི་བླ་མ།།

ཉམ་ཆུང་མི་ཡི་གཟུགས་འཛིན་གྱི་ཆ་ལུགས།།

ཨེ་མ་འདི་འདྲ་ངོ་མཚར་རང་ཆེ་སོང་།།

 

བློ་ཁ་ཆོས་ལ་ཕྱོགས་པའི་དུས་ཚིགས་འདི་བཟང་བས།།

འཇིག་རྟེན་འཁོར་བའི་ལས་ལ་སྙིང་པོ་རང་མ་མཐོང་།།

དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ཁོང་ལ་ཞུགས་ནས།།

འཁོར་འདས་དབྱེར་མེད་རྟོགས་པའི་སྐལ་ལྡན་ཞིག་མཛད་རོགས།།

 

༢༩།༠༨།༢༠༢༠

 


3. ཡང་འཕགས་ཡུལ་ན་བཙན་གཡེམ།


འཇིག་རྟེན་མཛེས་པར་བྱེད་པའི།།

ཉམ་ཆུང་བུད་མེད་ཁ་གཅིག།

ལམ་གྱི་སུམ་མདོའི་སྟེང་ནས།།

ཉིན་རེར་རང་སྲོག་ཤོར་གྱི།

 

ཆགས་སྲེད་དུག་ཆུས་བཟི་བའི།།

རྒྱ་གར་སྐྱེས་པ་ཁྱུ་གཅིག།

མི་མེད་གསང་བའི་ལམ་ནས།།

བུད་མེད་བཙན་གཡེམ་གཏོང་གི།

 

མཛངས་མ་རྒྱ་གར་མ་ཕེབས།།

ཚེ་ལ་ཉེན་ཁ་འདུག་གོ།

གལ་ཏེ་ཕེབས་དགོས་བྱུང་ན།།

ལུས་པོར་གཅེས་སྐྱོང་གནང་རོགས།།

 

མཛངས་མ་རྒྱ་གར་ཕེབས་དུས།།

ལམ་ལ་གཟབ་གཟབ་གནང་རོགས།།

མཛེས་མའི་གཟུགས་ལ་མ་གཡེངས།།

གཅེས་པའི་ཚེ་ལ་གཟབ་རོགས།།

 

རྒྱ་གར་འཕགས་པའི་ཡུལ་དུ།།

ལོ་རེར་བུད་མེད་ཉིས་སྟོང་།།

སྐྱེས་པའི་བཙན་གཡེམ་འོག་ནས།།

གཅེས་པའི་རང་སྲོག་འཆོར་གྱི།

 

མི་ལ་ངོ་ཚ་མེད་ན།།

ཁྱི་དང་ཁྱད་པར་མི་འདུག།

ཁྱད་པར་མེད་པའི་མི་ལ།།

ཡིད་ཆེས་ཡོང་ས་མ་རེད།།

 

སྒོར་དང་བུད་མེད་རྔམས་པའི།།

འཕགས་པའི་སྐྱེས་པ་ཁ་གཅིག།

དངོས་གནས་འཇིགས་སུ་རུང་བའི།།

སྲིན་པོ་ངོ་མ་རེད་ཤག།

 

གུས་ཞབས་མེད་པ་མ་ཡིན།།

དངོས་པོའི་གནས་ཚུལ་བརྗོད་ཡོད།།

མ་ལ་གུས་ཞབས་ཡོད་ན།།

བུད་མེད་རྒྱབ་སྐྱོར་གནང་རོགས།།

 

རྣམ་དཔྱོད་བློ་ཡིས་བརྟག་དུས།།

མིག་ནས་མཆི་མ་ལྷུང་སོང་།།

མ་ཡི་བཀའ་དྲིན་བསམ་དུས།།

ལུས་པོ་འདར་གསིག་རྒྱབས་བྱུང་།།


བུད་མེད་ལ་བཅངས་པའི་སླད་མེད་ཀྱི་བརྩེ་སེམས་ལས་བཞུར་བའི་ཚེག་བར་དྲུག་མའི་གདུང་དབྱངས། པར་འདི་ནི་དོལ་པོ་ནས་ཡིན། བརྗོད་གཞི་ནི་འཕཊ་ཡུལ་དུ་བུད་མེད་ཚད་ལས་འགལ་བའི་ཚེ་སྲོག་སྐྱེས་པའི་བཙན་གཡེམ་གྱི་འོག་ནས་དབང་མེད་དུ་འཆོར་དང་ཤོར་བཞིན་པ་འདི་ཡིན།།



ཡོང་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།