རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 30 September 2020

དགེ་འདུན་ཆོས་འཕེལ།

ཁོང་སྐུ་གཤེགས་ནས་ལོ་ ༦༩ འཁོར་བར་རྗེས་དྲན་དུ།


རྩོམ་པ་པོ། དོལ་པོ་རྟ་རབ་པ། ཕུར་པ། (སྔ་འགྱུར་མཐོ་སློབ་ཆེན་མོ།)

མུན་པའི་སྨག་རུམ་འཐིབས་པའི་ནམ་ཟླ་ཞིག་ལ།།
གངས་ལྗོངས་ཁ་བ་དཀར་པོའི་རི་སུལ་ཞིག་ན།།
རྨོངས་པའི་གྲིབ་ཡོལ་འབྱེད་མཁས་བློ་མིག་ལྡན་པ།།
དགེ་ཆོས་མིང་ཅན་རིག་པའི་བུ་ཆུང་བྱུང་སྐད།།
བུ་ཆུང་ནར་ལ་སོན་རྗེས་ཆོས་རར་འགྲིམས་དུས།།
རིག་པས་དངོས་པོའི་གཤིས་ལ་བརྡར་ཤ་བཅད་དེ།།
གོང་མའི་གསུང་རབ་ཡན་ལ་མཚང་འབྲུ་བྱས་པས།།
ཁ་བའི་རྟོག་གེ་རྒན་པོ་ཡ་མཚན་སྐྱེས་འདུག།
གཡོགས་པའི་རས་གཟན་དམར་པོ་ཕྲག་ནས་ཕབ་ཏེ།།

དམིགས་པའི་ཕུགས་བསམ་རིང་མོ་རྒྱང་ལ་བསྲིངས་ནས།།

དཔྱོད་ཤེས་བློ་མིག་སྐོར་བཞིན་རྒྱལ་ཁམས་འགྲིམས་པས།།

སྙན་པའི་གྲགས་པ་རྒྱལ་ཁམས་ཡོངས་ལ་ཁྱབ་སོང་།།

འཇིག་རྟེན་རྒད་པོ་ཕལ་ཆེར་གཉིད་ལ་ཡུར་དུས།།
ཁྱེད་ཀྱིས་རྨོངས་མུན་སེལ་བའི་སྐྱ་རེངས་བསུ་ནས།།
བདེན་པའི་དཔའ་ངར་སྒྲོག་བཞིན་སྒོ་གླེགས་བརྡུངས་པས།།
རྒད་པོས་ཁྱེད་ཉིད་བཙོན་ལ་དམ་དུ་བཏགས་སྐད།།
སྐྱོ་གླུ་ལེན་བཞིན་གཤིན་རྗེའི་གྲོང་ལ་ཕྱིན་རྗེས།།
མཛད་པའི་ཤུལ་ལུས་རྐང་རྗེས་རབ་རིབ་གསལ་བས།།
བློ་གསལ་གཞོན་ནུ་ཚོགས་དག་ཕངས་སེམས་བྱེད་བཞིན།།
ཁ་བའི་རི་ལུང་སྐྱོ་བའི་སྡུག་སྐད་བཀང་སོང་།།


རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།