རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 2 September 2020

དོལ་སྨྱོན་ལགས་ཀྱི་རང་མོས་སྙན་ངག་ཚན་པ་ལྔ།

འཁྲུལ་སྣང་།

བདག་གི་སྙིང་དབུས་སུ་རྐང་བྲོ་འཁྲབ་མཁན་གྱི་གར་མ་དེ་སུ་ཞིག་ཡིན་ནམ།

རྫོགས་མཐའ་མེད་པའི་རོལ་དབྱངས་དཀྲོལ་མཁན་དེ་སུ་ཞིག་ཡིན་ནམ།

འཕེལ་འགྲིབ་མེད་པའི་རྨི་ལམ་དུ་ཕེབས་མཁན་དེ་སུ་ཞིག་ཡིན་ནམ།


བདག་གིས་སྒེའུ་ཁུང་གི་ཕྱི་ན་རྒྱུ་བའི་སྤྲིན་པ་ལ་ཁྱེད་ཀྱི་ཞལ་རས་ཀྱི་སྣང་བརྙན་བརྐོས།

བདག་གིས་རེ་སྒུག་དང་རྟོག་བཏགས་ཀྱི་མཁའ་དབྱིངས་སུ་ཁྱེད་ཀྱི་རྐང་རྗེས་བྲིས།

མཚན་མོའི་ལྷིང་འཇགས་དག་ཀྱང་ཁྱེད་ཀྱི་ཤུབ་བུར་སྨྲ་བའི་སྙིང་གཏམ་ལ་ཡང་ཡང་འཁྲུལ།


བདག་གི་ཞོགས་པ་ལ་མཚམས་སྤྲིན་གྱི་འོད་མདངས་བྱུག་མཁན་ཀྱེ།

བདག་གི་ཉི་ནུབ་ཀྱི་སྐྱོ་གར་ལ་སྙན་ཚིག་གི་དངོས་གྲུབ་སྩོལ་མཁན་ཀྱེ།


བདག་གིས་སྐྱོ་བ་ཆང་ལ་བསྲེས་ནས་ཡུན་རིང་འགོར་བྱུང་།

བདག་གིས་གདུང་བ་རླུང་ལ་བསྐུར་ནས་གང་འཚམས་ཕྱིན་སོང་།

ཨེ་མ། ཟླ་བརྒྱད་པའི་མཚན་མོ་འདི་ཅི་འདྲའི་རིང་བ་ལ་ཨང་།


30-08-2020




མི་ཚེ།

“གཡག་ཆད།

  རྒྱགས་རྫོགས།

  ལམ་བརྡིབས།


  ཕ་ཡུལ་དང་བྲལ།

  ནང་མི་དང་གྱེས།

  ས་མཐར་འཁྱམས།”


རྨི་ལམ་ནང་ཇི་ལྟར་བྲིས་པ་བཞིན་ཁ་བྱང་ལ་མི་ཚེ་ཞེས་བཏགས་ནས་ཞོགས་པར་ཡི་གེར་བཀོད་པའོ།། 24-08-2020




ཆུ་རྐྱལ།

ཆུ་ནང་འཛུལ་རྗེས།

བདག་གི་མཐོང་སྣང་ལ།

ཉ་མོ་ཞིག་གིས་ཉ་གཞན་ཞིག་འཁྲིད་ནས།

གངས་རི་འཛེག་གིན་འདུག

གངས་རི་ནི་ཁ་དོག་དམར་པོ་དང་།

ཁ་བ་ནི་ཁ་བྲལ་མ་ཐག་པའི།

བུ་མོ་གཡུ་མཚོའི་དགའ་རོགས་ཀྱི།

ཁ་པར་ཨང་གི་དང་འདྲ་བོ་འདུག

 

ཕར་ཙམ་དེ་ན།

རུས་སྦལ་ཞིག་གིས་རི་བོང་འགའ་ཞིག་འཁྲིད་ནས།

ལུས་སྦྱོང་ཁང་ལ་འགྲོ་བཞིན་འདུག

ཁྱིམ་སྡོད་བཀག་རྒྱའི་རྐྱེན་པས།

རི་བོང་དག་ལྗིད་ཚད་བརྒྱ་དང་ལྔ་བཅུ་འཕར་རྗེས།

བློ་མཐུན་རུས་སྦལ་གྱི་བཀའ་བཞིན།

དེ་རིང་ནས་ལུས་སྦྱོང་གི་མགོ་བཙུགས་པ་ཡིན་འདུག

 

ཆུ་ཁར་ཐོན་རྗེས།

ཉ་མོ་དང་གངས་རི།

བུ་མོ་གཡུ་ཚོ་དང་ཁ་པར་ཨང་གི།

ད་དུང་རུས་སྦལ་དང་རི་བོང་དེ་ཚོ།

ངའི་མིག་ལམ་ན་ཁྲ་ལམ་ལམ་བྱེད་ཀྱིན་འདུག 

 

ཆུ་རྐྱལ་ཁང་ནས།

22-07-2020




དག་སྣང་སྦྱང་བ།

བུད་མེད་འདི་ཚོས། 

ཟས་སུ་ཅི་ཞིག་བཟའ་བཞིན་ཡོད་དམ།

སྐོམ་དུ་གང་ཞིག་འཐུང་གིན་ཡོད་དམ།

ཁོང་ཚོས་འདག་རྫས་དང་ཞག་རྩི་གང་ཞིག་སྤྱོད་ཀྱིན་ཡོད་དམ།

ཁོང་ཚོ་ནི་ང་ཚོ་ནང་བཞིན།

ཞོགས་པ་རེ་རེ་བཞིན་སོ་འཁྲུད་དགོས་ཀྱི་ཡོད་དམ།

ཁོང་ཚོས་དབུགས་ཕྱིར་གཏོང་དུས།

རང་བྱུང་ཁམས་ལ་ངལ་གསོ་འཐོབ་ཀྱི་ཡོད་སྲིད། 


བུད་མེད་འདི་ཚོས།

གཅིན་པ་གཏོང་གི་ཡོད་དམ་ཡང་ན་འོ་མ་གཏོང་གི་ཡོད།

ཁོང་ཚོའི་ཕྱི་ནང་དང་སྟེང་འོག་ཐམས་ཅད་ན།

གཙང་བ་དང་མཛེས་པ་དག་དག་ལས།

མི་གཙང་བ་དང་མི་མཛེས་པ་རྟིལ་འབྲུ་ཙམ་ཡང་ཡོད་མི་སྲིད།


ཁོང་ཚོའི་མཆན་ཁུང་ན་སྤུ་མིན་པར་མེ་ཏོག་བཞད་ཡོད་སྲིད།

དེ་ཡང་རྒྱ་སེ་མེ་ཏོག་ལྟར་ཁ་དོག་དམར་པོ་ཡིན་སྲིད།

ཁོང་ཚོའི་ཞབས་མཐིལ་ནས་དྲི་ཞིམ་ལྡང་བཞིན་ཡོད་སྲིད།

དེ་ཡང་ཧྥ་རན་སིའི་དྲི་ཞིམ་ལས་ལྷག་པ་ཡིན་སྲིད།


མདོར་ན།

ཁོང་ཚོ་ནི་དཀོན་མཆོག་གིས།

སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་ལ།

ངལ་གསོའི་དབུགས་དབྱུང་སྟེར་བའི་དོན་དུ།

མི་ཡུལ་འདིར་བསམ་བཞིན་མངགས་པ་ཡིན་སྲིད། 


________སྐད་འཕྲིན་ནས་བརྙན་འཐུང་ཞིག་ལ་བལྟས་རྗེས། 29-07-2020




ནག་པོ།


ཉིན་གྱི་སྣང་བ་ནག་པོ།

མཚན་གྱི་རྨི་ལམ་ནག་པོ།

མིག་ལ་ཐོགས་པའི་ངོ་གདོང་ནག་པོ།

སེམས་ལ་ཟུག་པའི་དྲན་གདུང་ནག་པོ།


ནམ་མཁའ་དང་སྤྲིན་པ་ནག་པོ།

དེ་ལས་འབབ་པའི་ཆར་པ་ནག་པོ།

མེ་ཏོག་དང་ལོ་མ་ནག་པོ།

དེ་ལ་འཁོར་བའི་བུང་བ་ནག་པོ།


དཔེ་དེབ་ནང་གི་ཡིག་འབྲུ་ནག་པོ།

རོལ་དབྱངས་གསེབ་ཀྱི་གླུ་སྐད་ནག་པོ།

སྒེའུ་ཁུང་ཕྱིའི་རྒྱབ་གཟུགས་ནག་པོ།

སྤྱན་ཟུང་དང་མཁུར་ཚོས་ནག་པོ།


འཛམ་གླིང་ནག་པོ།

མི་དག་གི་ངོ་གདོང་ནག་པོ།

བསམ་བློ་དང་སྨྲ་བརྗོད་ནག་པོ།

འཛུམ་མདངས་རྒྱབ་ཀྱི་འཆར་གཞི་ནག་པོ།


རྫིང་བུ་ནང་གི་འཁྱིལ་ཆུ་ནག་པོ།

མཛེས་མའི་ནུ་ཤུབས་དང་ཆུ་རས་ནག་པོ།

ཤུབ་བུར་སྨྲ་བའི་སྐད་ཅ་ནག་པོ།

ལྐོག་ནས་ལྟ་བའི་ཟུར་མིག་ནག་པོ།


ངའི་ངོ་གདོང་ནག་པོ།

ངའི་བསམ་སྤྱོད་ནག་པོ།

ངའི་ཁོར་ཡུག་དང་འཇིག་རྟེན་ནག་པོ།


23-07-2020


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།