ཀ་དག་གི་གནས་ལུགས་རྗེན་གཅེར་དུ་མཁྱེན་ནས།།
ཁ་དོག་དང་དྲི་རོར་ཞེན་པ་དེ་ལྡོག་ཅིང་།།
ག་གེ་མོའི་རྒྱུ་རྟོག་ཡེ་གདོད་ནས་སྤངས་ཏེ།།
ང་ཁོ་ཡི་ཉེ་རིང་ཏིལ་འབྲུ་ཙམ་མེད་པ།།
ཅ་ཅོ་ཡི་འདུ་རྫི་སྣ་ཚོགས་ལས་གྲོལད་ཅིང་།།
ཆ་ལུགས་དེ་དམ་ཆོས་འདུལ་བ་དང་མཐུན་པ།།
ཇ་ཆུ་ལས་གཞན་པའི་འཐུང་རྫས་དག་དོར་ནས།།
ཉ་ཆུ་ལ་བསྟེན་བཞིན་འདུལ་ཁྲིམས་དེ་སྲུང་པོ།།
ཏ་ཐཱ་དེ་ག་ཏ་གཉིས་སུ་རང་མེད་པའི།།
ཐ་མལ་གྱི་ཚུལ་དུ་འཇིག་རྟེན་འདིར་བྱོན་ཏེ།།
ད་ལྟ་དང་ཕྱི་མའི་ལམ་སྣ་ཀོ་བསྟན་ནས།།
ན་རག་དང་མཚུངས་པའི་འཁོར་བ་ལས་སྐྱབས་སོ།།
པ་ཏྲ་ལྟར་མཛེས་པའི་ཚུལ་ཁྲིམས་ལ་གནས་ནས།།
ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམས་རྫོགས་པ།།
བ་གླང་དང་འདྲ་བའི་རྨོངས་པ་དག་འུ་ལ།།
མ་མ་ལས་ལྷག་པའི་ཐུགས་བརྩེ་ཡིས་བསྐྱངས་སོ།།
ཙ་རི་ལ་སྐོར་བའི་དུས་ཡུད་ཙམ་མ་བཏང་།།
ཚ་གྲང་ལ་མ་ལྟོས་ཕ་རོལ་པོའི་དོན་དུ།།
ཛ་དྲག་གི་སྒོ་ནས་གཞན་དོན་ལ་བརྩོན་པ།།
ཝ་མོ་ཡིས་སྟག་ལྤགས་གྱོན་པ་དང་མི་མཚུངས།།
ཞ་ཆག་གི་སེམས་ཅན་ཐར་ལམ་དུ་འགོད་པོ།།
ཟ་ཧོར་གྱི་མཁན་པོ་དེ་ཉིད་ཀྱི་ཐུགས་སྲས།།
འ་ཅག་གི་ལས་དང་སྨོན་ལམ་གྱི་མཐུ་ཡིས།།
ཡ་མཚན་གྱི་བླ་མ་ཁྱེད་ཉིད་ནི་མཇལ་སོང་།།
ར་རི་དང་བྲལ་བའི་ཡོན་ཏན་ཉིད་མངའ་བ།།
ལ་མཐོ་ཡི་རྩེ་བཞིན་དབུ་འཕང་ཡང་མཐོ་འོ།།
ཤ་ཚ་བའི་སེམས་ཅན་སྡུག་བསྔལ་ལས་འགྲོལ་པོ།།
ས་ཐོབ་པའི་འཕགས་པ་པདྨ་ཡི་ནོར་བུ།།
ཧ་ལས་པའི་བླ་མ་མཚན་ཉིད་དང་ལྡན་པ།།
ཨ་དབྱིངས་སུ་ཡལ་ནས་ཡང་སྤྲུལ་དེ་ཕེབས་པ།།
དུས་ནམ་ཞིག་ཁྱེད་མཇལ་ཁྱེད་གསུང་དེ་ཐོས་པའི།།
སྙིང་རུས་པའི་གཏིང་ནས་སྨོན་ལམ་ཞིག་བཏབ་ཡོད།།
སྤྱ་ལོ་ ༢༠༢༠ ཟླ་བ་ ༩ པའི་ཚེས་ ༣ གྱི་དགོང་མོར་བལ་ཡུལ་ཀབ་རེ་ནས་ཤར་མར་བྲིས།
ཡོང་ཁུངས། ངེད་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།