༄།། །དོལ་པོ་པ་ཤཱཀྱ་རྒྱལ་མཚན་དུ་འབོད་པ་ནས་རྒྱུ་སྐར་རི་ཥི་དུས་ཆེན་ལ་རི་ཥི་བདུད་རྩི་སྨན་ཆུའི་ཕན་ཡོན་སྐོར་བཤད་སྙིང་འདོད་པས་རྒྱས་པར་སྨྲོས་པའི་གཏམ་ཕྲེང་ནི། །སྔོན་དུ་སྐར་མ་འདིའི་ལོ་རྒྱུས་དང་མིང་གི་རྣམ་གྲངས་སོགས་གསལ་པོར་གོ་བརྡ་སྤྲོད་པར་བྱའོ། །འདི་ལ་བྲམ་ཟེའི་རིག་བྱེད་ཀྱི་ལྷ་སྒྲུང་ལས་ལྷ་དང་ལྷ་མ་ཡིན་འཐབ་འཛིང་བྱུང་བ་ལས་ལྷ་རྣམས་ཀྱི་ལྷ་མ་ཡིན་དང་དེའི་དུག་ནུས་སོགས་འཇོམས་པར་བྱེད་པའི་སྨན་སྐར་བདུད་རྩི་འོད་དུའང་གྲགས་ལ། ཆུ་ལྷའི་བུ་དང་། ཨ་གསྟུཿ རྒྱུ་སྐར་ནོར་བུའི་འོད་ཀྱང་ཟེར། ཡང་འདི་སྔོན་གྱི་དྲང་སྲོང་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བའམ། དྲང་སྲོང་རྨོད་པའི་སྔགས་ཀྱི་བདེན་མཐུ་དར་བ་ལས་བྱུང་པའི་དྲང་སྲོང་སྐར་མའི་ཞལ་ཡས་ཁང་གི་འོད་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་འོད་པོ་ཆེ་ཡང་ཟེར་ལ། བོད་ལུགས་གཙོ་བོ་རྩིས་གཞུང་ཁག་ལས་རྒྱུ་སྐར་རི་ཥི་དང་། རི་བྱི། བུམ་སྐྱེས། མདོངས་སེལ། བདུད་རྩི་འབབ་སོགས་སྙན་ངག་གི་སྒྲ་སྦྱོར་ལྟར་དུ་མིང་གི་རྣམས་གྲངས་མང་པར་སྣང་།།
གང་ལྟར་སྐར་མ་རི་ཥི་འམ་རི་བྱི་ཤར་དུས་ཀྱི་ཆུ་བཟང་བའི་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་ཀྱང་། དོན་དུ་རང་བྱུང་གི་བདུད་རྩི་སྨན་ཆུ་ཀུན་ཕན་ཡིན་པ་གཅིག་ལ། འདི་སྔ་རབས་ཀྱི་ཚན་རིག་ཆེན་མོ་ལས་བྱུང་ཞིང་བཤད་སྲོལ་ཡིན་པས། འདི་དང་འབྲེལ་ནས་ཆུ་ཡི་བཟང་ངན་ཡང་བཤད་པར་བྱ་ཡི། དེ་ཡང་ཆུ་ལ་ངོ་བོའི་སྒོ་ནས་བསིལ་བ་དང་། ཡང་བ། དྭངས་པ། འཇམ་པ། ཞིམ་པ། དྲི་མ་མི་ང་བ་བཅས་ཀྱི་རང་བཞིན་ལྡན་པར་མ་ཟད། རླན་འཛིན་པ་དང་སྐོམ་པ་སེལ་བ། ཚ་གདུང་སེལ་བ་བཅས་ཀྱི་ནུས་པའང་ལྡན་གི་ཡོད། ཆུའི་བཟང་ངན་གྱི་སྐོར་ལ་སྔོན་བྱོན་མཁས་པ་ཚོས། ཆུ་རིགས་བདུན་ལས་མཆོག་གྱུར་པའི། །ཆུ་མགོ་གངས་ལ་ཐུག་པ་བཞིན། །ཞེས་སྡོམ་ཚིག་བཀོད་པ་ལྟར། རྩ་བའི་འབྱུང་ཁུངས་ཀྱི་སྒོ་ནས་དབྱེ་ན། ཡུལ་དུས་གཉིས་ཀྱི་ཁྱད་པར་ཡོད་པ་ལས།
དང་པོ་ཡུལ་གྱི་ཁྱད་པར་ནི། རླན་གཤེར་ཆེ་བའི་ཡུལ་དང་། བ་ཚྭ་ཅན་གྱི་ཡུལ། འདམ་རྫབ་ཅན་གྱི་ཡུལ། དུག་ཤིང་ནགས་ཚལ་ཅན་གྱི་ཡུལ། ཉི་འོད་དང་རླུང་གིས་རེག་ཆུང་བའི་ཡུལ་བཅས་ཀྱི་སྐྱེས་ཆུའི་རིགས་ལ་ཆུ་ངན་ཟེར་བ་ཡིན། དེ་ལས་ལྡོག་པའི་ཡུལ་ཕྱོགས་ཁ་ལྷོ་ལྟ་ཡིན་པ། ས་གཞི་གཙང་ལ་ཉི་འོད་ལེགས་པར་ཕོག་པའི་སྐྱེས་ཆུའི་རིགས་ལ་ཆུ་བཟང་ཟེར། ད་དུང་ཆུའི་ཡན་ལག་ལ་ཆར་ཆུ་དང་། གངས་ཆུ། གཙང་ཆུ། ཆུ་མིག་ཆུ། ཁྲོན་པའི་ཆུ། བ་ཚྭའི་ཆུ། ཤིང་ཆུ་སོགས་སོ་སོའི་གནས་དང་འབབ་སའི་དབང་གིས་བཟང་ངན་དབྱེ་བ་མང་པོ་ཕྱེ་ཡོད་པ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ན་གསུངས་ཡོད།།
གཉིས་པ་དུས་ཀྱི་ཁྱད་པར་གྱི་སྐོར་ལ་རང་རེའི་སྔ་རབས་པ་རྣམས་ཀྱིས་དཔྱིད་ཆུ་ངན། སྟོན་ཆུ་བཟང་ཞེས་བཤད་པ་བཞིན་ད་ལྟའང་དེ་ལྟར་ཡིན་པ་ལ་འགྱུར་བ་མེད། དེ་ཡང་དཔྱིད་ཀ་སླེབས་ཚེ་དགུན་དུས་བསགས་པའི་ཁ་རྡུལ་མི་གཙང་བ་རྣམས། དཔྱིད་ཀ་དང་སོས་ཀའི་དྲོད་རླུང་ཆེས་ཆེར་ལྡང་བས་ས་རླུང་འཕེལ་བ་དང་། ས་རླངས་དང་མཚོ་རླངས་བར་སྣང་དུ་འཕྱུར་བའི་ཁ་ཆར་བབས་པས་རྡུལ་རླུང་མི་གཙང་བ་རྣམས་ས་སྟེང་གི་ཆུ་ནང་དུ་འདྲེས་པའི་རྐྱེན་གྱིས་་སྐྱེས་ཆུ་ཡང་ལྕི་བ་དང་རྩུབ་པ། དྲི་ཅུང་ཟད་ང་བ། བྱེ་འདམ་རྡུལ་རིགས་སོགས་རྙོག་ཤས་ཆེ་ལ་མང་པ། བསྐོལ་ན་ལྦུ་བ་ཆེ་བ། བཏུང་ན་ཕོ་བར་གནོད་པ། བརྒལ་ན་ལུས་ལ་གཟན་པ་བཅས་ཀྱི་ཉེས་པ་ཡོད་པས་དཔྱིད་ཆུ་ངན་ཟེར་བ་ཡིན་ནོ། །དགུན་དཔྱིད་གཉིས་ལ་བསགས་པའི་མཁའ་རླུང་མི་གཙང་བའི་རིགས་ཚང་མ་དབྱར་གྱི་དུས་སུ་ཉི་འོད་དང་། རླུང་། ཆར་ཆུ་བཅས་ཀྱི་སྟོབས་ནུས་ཀྱིས་ཡང་ཡང་ཞི་བར་སྦྱངས་རྗེས་སྟོན་དུས་མཁའ་རླུང་རིམ་བཞིན་གཙང་བར་ཆར་ཆུ་དང་སྐྱེས་ཆུ་དྭངས་ལ་ཡང་བ། བསྐོལ་ན་ལྦུ་བ་མེད་པ། བཏུང་ན་ཕོ་བར་མི་གནོད་པ་བཅས་ཀྱི་ཡོན་ཏན་ཡོད་པས་སྟོན་ཆུ་བཟང་ཟེར་བ་ཡིན་ནོ།།
སྟོན་ཆུ་ལ་སྐར་རྩིས་རིག་པའི་ཐོག་ནས་བཤད་ན། མི་སྔ་རབས་པ་རྣམས་ཀྱིས་དུས་ཚོད་ངེས་ཅན་ཞིག་གི་ཚད་འཛིན་བྱེད་ས་འདི་ཡང་མནའ་སྔ་མོའི་ཚན་རིག་གི་ཉམས་ཞིབ་ལས་བྱུང་ཞིང་། གཙོ་བོ་ནི་གནམ་གྱི་སྐར་མ་རྟགས་སུ་བཟུང་ནས་ཆུ་བཟང་ངན་དབྱེ་བ་འབྱེད་པ་ཡིན་ལ། དུས་བཞི་ཡང་དེ་ལྟར་ངོས་འཛིན་བྱེད་པ་སྟེ། དཔེར་ན། སྐར་མ་སྣྲོན་དང་སྣྲུབས་ཀྱིས་ནམ་སྐྱེལ་བའི་དབྱར་དུས་དྲག་ཆར་བབས་རྗེས་ཆུ་རྙོག་པ་ཡིན་པས་ཆུ་ལ་བརྒལ་མི་ཉན། སྐར་མ་མགོ་དང་རྒྱལ་གྱིས་ནམ་སྐྱེལ་བའི་དགུན་ཉི་ལྡོག་གི་དུས་ཀྱི་ཆུ་ཤིན་ཏུ་གྲང་བས་ཆུ་ལ་བརྒལ་མི་ཉན། སྟོན་ཟླ་འབྲིང་པོའི་ནང་དུ་ལྷོ་རིའི་རྩེ་ནས་ ༼སྐར་མ་རི་ཥི་༽ ཐོ་རངས་དུས་སུ་མཐོང་དུས་ཆུ་དྭངས་ཤིང་ཚ་གྲང་སྙོམས་པའི་དུས་ལ་ངོས་འཛིན་བྱས་ཏེ། བོད་ཀྱི་ཞིང་འབྲོག་མི་དམངས་རྣམས་སྐབས་དེར་ཆུ་ནང་དུ་ཁྲུས་བྱེད་པ་སོགས་ལུས་ཀྱི་གཙང་སྦྲ་བྱེད་པའི་སྲོལ་ཡོད་ཅིང་། དེ་དུས་ཆུ་ལ་ལྷ་ཡི་བདུད་རྩི་དངོས་སུ་རྩི་བས་ནད་དོན་སྡིག་སྒྲིབ་དག་པའི་སྨན་ཆུར་མོས།
དེ་སྔ་དབུས་གཙང་རྒྱུད་དུ་བོད་ཟླ་བརྒྱད་པའི་ཚེས་ཤར་ནས་སྐར་མ་རི་ཥིའི་ཆབ་བཞེས་ཀྱི་ཆབ་ཞུགས་སྤྲོ་གསེང་ཚུགས། ནོར་བུ་གླིང་གའི་ཆབ་ཞུགས་ལ་མང་ཚོགས་ཞུགས་སྲོལ་མེད། དགོན་སྡེ་ཁག་གི་ཆབ་ཞུབས་ལ་ལྷ་མོ་འཁྲབ་པ་སོགས་བྱེད་སར་མང་ཚོགས་ལྟད་མོར་འགྲོ་བ་དང་། གྲོང་མི་ཕལ་ཆེར་གཙང་འགྲམ་སོགས་ལ་ཆུ་བརྒལ་བ་དང་ཁྲང་འཁྲུ་རྒྱག་པ་སོགས་བྱེད། དུས་དེར་ན་གཞོན་ཚོས་བྱ་འཕུར་གཏོང་གི་ཡོད་པས་བྱ་འཕུར་ནམ་དུས་ཟེར་ཞིང་། ལྷ་ས་ཁུལ་དུ་བོད་ཟླ་བརྒྱད་པ་མ་ཟིན། རི་བྱི་སྐར་མའི་ཆབ་ཞུགས་མ་གཏང་སྔོན་ལ་བྱ་ཕུར་གཏོང་མི་ཆོག་པ་ཡིན། བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་དགོང་དྲོ་ཟླ་བ་ཤར་ནས་ཐོ་རངས་ཟླ་བ་མ་ཕེབས་བར་དུ། དགེ་སློང་བརྒྱད་དམ་བཞི་ཡིས་ཅོང་ཞི་བཏུལ་ནས་གཞི་རྩ་བྱས་པའི་སྨན་སྦྱོར་ལ། ཟླ་ཤེལ་བདུད་རྩའི་མ་ཞེས་ནད་བརྒྱ་སྨན་གཅིག་དུ་འབོད་པ་དེ་བྱུང་བ་ནི། གཙོ་བོ་ཟླ་བ་འདིའི་བཅོ་ལྔའི་ཟླ་འོད་དང་། རི་ཤི་བདུད་རྩི་དང་། དགེ་སློང་སྨན་པ་སོགས་ཀྱི་ཁྱད་ཆོས་ཡིན། །སྐར་མ་རི་ཥི་འོད་ཀྱིས་རྩྭ་ཆུའི་ནུས་བཅུད་བཟང་དུ་འགྱུར་བའི་བཤད་ཚུལ་དེ་ནི་རྩིས་གཞུང་དག་ལས་དྲང་སྲོང་རི་ཥི་ཞེས་ཟེར། འདི་ཉིན་མོར་ཟླ་བ་དྲུག་གི་རིང་གླིང་འདིའི་ཐད་གར་གནས། གླིང་འདིར་ཐོག་མར་འཆར་དུས་ཐོ་རངས་དུས་སུ་ལྷོ་སྟོད་ཕྱོགས་ནས་མཐོང་བ་འདི་ཉིད་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ནི་དྲང་སྲོང་རིག་བྱེད་ཀྱི་སྒྲུང་ལྟར་དུ་རྩིས་གཞུང་ནས་ཀྱང་རྩི་སྲུང་ཡང་དག་གནང་གཤིས་ཡིན་སྟབས་དེའི་འོད་ཆུ་ལ་ཕོག་པས་ཞག་བདུན་གྱི་བར་དུ་ཆུ་བོ་དང་ཆུ་ཕྲན་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་འགྱུར་བས། དེའི་ཚེ་ཁྲུས་ལ་ཞུགས་ན་གྲིབ་ནད་དང་འབག་བཙོག་ཐམས་ཅད་དག་པར་གསུངས། རིག་འཛིན་ཆེན་པོ་འཇིག་མེད་གླིང་པ་མཆོག་ཀྱང་དེ་དུས་རྒྱུན་དུ་སྐུ་ཁྲུས་གསོལ་གནང་པའི་ལོ་རྒྱུས་ཡོད། མདོར་ན་འདིའི་སྐོར་ཞིབ་ཕྲ་རྩིས་གཞུང་ཁག་ཏུ་གསལ་བས་ཀུན་གྱི་མཁྱེན་རྟོགས་བྱུང་པའི་རེ་བ་དང་བཅས། དོལ་ཤཱཀ་པས་སྔོན་བྱུང་མཁས་མང་གསུང་ལས་བཏུས་ནས་སྒྲིལ་བསྒྲགས་སུ་བྱས་པའོ།། །།
ཡོང་ཁུངས། དོལ་པོ་བདེ་དོན་ལྷན་ཚོགས་ཀྱི་འཕྲིན་ཚོམས་ཆེན་མོ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།