རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 21 October 2020

མངའ་རིས་སྒྲ་སྙན་ལ་གཤོག་པ་འཛུག་མཁན།

རྩོམ་པ་པོ། གངས་སེང་དཀར་མོ། 

མངའ་རིས་སྒྲ་སྙན་གན་ད་ལོ་གནམ་ལ་འཕུར།།
གཤོག་པ་འཛུག་མཁན་ལ་ཕོ་སར་དྭངས་མ་ཞིག།
ལག་པའི་སོར་རྩེ་ཡི་སྒྱུ་འཕྲུལ་ཉམས་བརྒྱ་དེས།།
གངས་རིའི་འཇིག་རྟེན་གྱི་རི་ཆུ་ཤིག་ཤིག་བསྒུལ།།

སྒྲ་སྙན་གཅིག་ལ་ཡང་ཡན་ལག་དྲུག་ཅུའི་སྒྲ།།
སྟབས་ཅིག་དུས་གཅིག་ལ་འབྱིན་པའི་མི་ཕོ་ཁྱོད།།
ད་ལོ་བོད་ཁམས་ཀྱི་དབྱངས་ཅན་ལྷ་མོའི་གྲོགས།།
གར་སྟེགས་རི་མོ་ཅན་བསོད་ནམས་ཆེ་སོང་ངོ་།། 

དགེ་རྒན་རྡོ་རེད་ཀྱི་ཁོག་པ་བསྟོད་པས་བརྒྱངས།།
ཨ་ཕོ་ཁོ་བསྟན་གྱི་བསྔགས་པའི་ཚད་ཀྱང་ཟད།།
སེམས་ཀྱིས་ལེན་ཐེངས་རེས་ཡོད་ཚད་བཟི་ལ་ཁད།།
རྒྱལ་ཁའི་ཐལ་སྒྲ་ཡིས་ས་དང་བར་སྣང་གང་།།

ཐོད་པའི་རི་མོ་ཡིས་སྐྱོ་བའི་གླུ་ཆུང་འཐེན།།
སེར་ཐིག་ལྷུང་བ་ཡང་གར་གྱི་ཉམས་ལ་བྲིས།།
ཨ་མ་དྲན་གླུ་ཡིས་གློག་འོད་ཤིག་ཤིག་བསྡུས།།
འཇིག་རྟེན་ཕ་རོལ་ཡང་ཁྱེད་ཀྱི་སྒྲ་ལ་འཕྱང་།།

སྐད་དང་རོལ་མོ་གཉིས་ཆུ་དང་འོ་མ་བཞིན།།
གློག་འོད་ཆེམ་ཆེམ་དང་ངོ་བོ་དབྱེར་མེད་གྱུར།།
རོལ་མོའི་རྒྱ་མཚོ་ཙམ་མཛུབ་མོའི་རྩེ་ན་འཁྱིལ།།
ཇི་ལྟར་དཀྲོལ་ན་ཡང་དཀྲོལ་རྩལ་རྫོགས་མེད་ཅིག།

ད་ལོའི་འགྲན་རོགས་ཚོ་གོམ་པའི་རྗེས་ན་ཡོད།།
གོམ་ཁ་ལེན་སྟངས་དེས་བང་ཁ་སྔུན་ལ་ཕྱོགས།།
ཁྱེད་ཀྱི་སྒྲ་སྙན་ལ་གསོན་ཤུགས་མཆེད་ས་ནས།།
མདོ་འཛིན་བུ་མོའི་ཡང་འཛུམ་ཤ་འཕྲོག་སོང་ངོ་།།

༢༠༢༠/༡༠/༢༡

རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བླངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།