རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 22 October 2020

བསྔགས་པ་གླུ་མ་འབུམ་གྱི་མགྲིན་བཟང་ནས་དྲངས་པའི་དབྱངས།

 རྩོམ་པ་པོ། དོལ་པོ་ཀ་རང་བ་པདྨ་རྒྱལ་མཚན། 

ཇི་ལྟར་འོ་མའི་མཚོ་ནས་བླངས་ལྟའི་སྐུ།།
ཞལ་གྱིས་སྟོན་ཀའི་ཟླ་བའི་དཔལ་དེ་འཕྲོག།
པདྨའི་དབུས་ནས་དྲངས་འདྲའི་དགྱེས་པ་མཛེས།།
ཨ་ཧོ་མཐོང་གྲོལ་མཇལ་འདི་སྐལ་བ་སྦོམ།། 

༈ ཨུཏྤལ་སྙིང་པོས་གང་གི་ལང་ཚོ་ཡི།།
སྤུན་ཟླར་འགྲོ་ཞེས་སྙེམས་པ་འཆང་ཐབས་མེད།།
མཐོང་ན་དགའ་བའི་ཟླ་བ་དོན་གྲུབ་ཀྱང་།།
གང་གི་མཛེས་པའི་གཟུགས་བརྙན་ཚུལ་དུ་གནས།།

༈ ཟག་མེད་སྐུ་ཡི་དཀྱིལ་འཁོར་ཐམས་ཅད་ལ།།
རྒྱ་ལྕམ་ཧ་ལོ་སེར་ཆེན་སྙིང་པོ་སོགས།།
བསྐོར་བ་འདྲ་ཡང་ཚུལ་ཁྲིམས་དྲི་བཟང་ཞིག།
འཐུལ་ཕྱིར་ངུར་སྨྲིག་གསོལ་བའི་སྤྲུལ་སྐུར་ངེས།།

༈ བལྟ་བས་ཆོག་མི་ཤེས་པའི་པདྨ་འབུམ།།
རྣམ་པར་འགོངས་པའི་མཆོག་གི་ཡང་སྲིད་མཆོག།
མཐུན་པའི་དཔེ་དེ་སྲིད་པ་གསུམ་ན་རྫོགས།།
དེ་བས་གང་གི་དཔེ་རུ་གང་ཉིད་འབུལ།།

༈ ཁྲི་གདུགས་གཟུགས་ཀྱི་ཟླ་བོ་ཁྱེད་ཉིད་ཀྱིས།།
པདྨའི་ངང་ཚུལ་འགོག་པའི་བློ་གསར་ཚོགས།།
ལེགས་བཤད་ཚངས་དབྱངས་འགྱུར་ཁུག་གསར་པ་ཡིས།།
ནམ་ཡང་སྐྱོངས་པར་འཚལ་ལོ་བླ་མའི་བླ།།

དོལ་པོ་པདྨ་རྒྱལ་མཚན་གྱིས་བལ་ཡུལ་གྷོ་དྷ་ཝ་རིའི་ཉེ་འདབས་རྫོགས་ཆེན་དགོན་དུ་བགྱིས་པ་དགེའོ།།   །།༡༠/༡༠/༢༠༢༠


རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།