རྩོམ་པ་པོ། ཚེ་རིང་བླ་མ།
ཨེ་མ་སྨྲ་བསམ་བརྗོད་མེད་དེ་རིང་གི་དུས་ཚོད།།
རྒྱ་མཚོའི་ཆུ་ཐིགས་འཐུང་བའི་ཉི་མ་འདི་བཟང་བ།།
བསྐལ་པ་བརྒྱ་རུ་བསགས་པའི་བསོད་ནམས་ཀྱི་ཕུང་པོས།།
དེ་རིང་མུན་པའི་གླིང་ནས་འོད་སྟོང་ཞིག་འགྱེད་བྱུང་།།
བསྐལ་པ་བརྒྱ་རུ་བསགས་པའི་བསོད་ནམས་ཀྱི་ཕུང་པོས།།
དེ་རིང་མུན་པའི་གླིང་ནས་འོད་སྟོང་ཞིག་འགྱེད་བྱུང་།།
རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཞལ་སྔ་ནས་བརྒྱུད་དེ།།
འབྲོག་མི་ལོ་ཙཱ་ལ་སོགས་ས་ཆེན་གྱི་བར་དུ།།
སྙན་ནས་སྙན་དུ་བརྒྱུད་པའི་ཟབ་ཆོས་ཀྱི་ཆེ་བ།།
བཅུ་དང་གཅིག་བདག་ཉིད་རྣ་བ་རུ་ཐོས་སོ།།
བསྐལ་བཟང་རྒྱལ་བ་སྟོང་གི་ཟབ་བཅུད་ཀྱི་སྙིང་པོ།།
མ་འདྲེས་གཆིག་ཏུ་སྤུངས་པ་ལམ་འབྲས་ཀྱི་གཞུང་ལུགས།།
སྙན་བརྒྱུད་བཞི་ཡིས་སྤྲོས་མཚན་གཅོད་ཚུལ་འདི་ཐོས་དུས།།
གོང་མ་རྣམ་ལྔའི་བཀའ་དྲིན་སྙིང་ཁོངས་ནས་དྲན་བྱུང་།།
སྐྱེ་ས་རི་གསེབ་སྐྱེས་ནས་མི་གཡོག་ཞིག་བྱས་ཀྱང་།།
མཐའ་མར་དམ་ཆོས་ཉན་པའི་སྐལ་ལྡན་གྱི་སློབ་བུ།།
ད་ནི་བསམ་རྒྱུ་དྲན་རྒྱུ་དམ་ཆོས་ལས་མི་འདུག།
བླ་མའི་བྱིན་རླབས་དམ་པ་སྙིང་ཁོངས་ལ་འཇུག་རོགས།།
བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་གི་སྙིང་པོ།།
ཚེ་གཅིག་སངས་རྒྱས་སྟེར་བའི་ཉེ་ལམ་གྱི་ཟབ་ཆོས།།
རྩ་བ་རྡོ་རྗེ་ཚིག་རྐང་ཡིད་བཞིན་གྱི་ནོར་བུའི།།
དགོངས་དོན་རྣམ་འགྲེལ་དག་ལ་གུས་པས་རང་འདུད་དོ།།
མདོ་སྔགས་རྒྱ་མཚོའི་གཏེར་ཆེན་ཡིད་བཞིན་གྱི་ནོར་བུ།།
མཁན་ཆེན་དཀོན་མཆོག་རྒྱལ་མཚན་སྤྱི་གཙུག་ཏུ་བསྟེན་ཏེ།།
ཟླ་བཞིར་དཔལ་ལྡན་ས་སྐྱའི་ལམ་འབྲས་ལ་བརྩོན་སྐབས།།
རྒྱལ་བསྟན་ཉིན་མོར་བྱེད་པའི་ཆོས་ཚུལ་ལ་དད་དོ།།
འདིར་འབད་དགེ་རྩ་གངྒྷའི་ཆུ་རྒྱུན་ལ་བརྟེན་ནས།།
འཇིགས་ཤིང་དངངས་པའི་མར་གྱུར་འགྲོ་བ་ཡི་སྡུག་བསྔལ།།
རིང་དུ་བསྐྱུར་སྟེ་འགྱུར་མེད་རྣམ་མཁྱེན་གྱི་ས་ལ།།
མྱུར་དུ་འགོད་པའི་ཉེར་ལེན་ལམ་མཆོག་ཏེ་བྱེད་རོགས།།
དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭར་ཟླ་བཞི་ཙམ་རིང་ལ། མཁན་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གི་ཞལ་སྔ་ནས། གྲུབ་ཆེན་བིར་ཝ་པས་མཛད་པའི་གཞུང་རྡོ་རྗེ་ཚིག་རྐང་ལེགས་པར་ཐོས་པའི་ཉིན་མཐའ་མའི་མཇུག་བྱང་དུ། གུས་དོལ་པོའི་གྲྭ་བཏགས་མིང་དུ་ཚེ་རིང་འབོད་པས་ཅུང་ཟད་བགྱིས་པའོ།།
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།