རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 22 October 2020

མགོན་པོ་དར་རྒྱས་ཀྱིས་བརྩམས་པའི་རང་གི་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས་བསྟོད་ཚན་གསུམ།


བསྟོད་ཚན་དང་པོ།༽
རྣམ་དག་ཆོས་སྐུའི་ཀློང་ལ་ཡེ་ཟད་དུ་གདལ་ཡང་།།
རང་ངོར་རིག་པའི་རྩལ་ལ་འགག་མེད་དུ་ཤར་བའི།།
སྐུ་གསུམ་ཞིང་ཁམས་མ་འདྲེས་འཇའ་ཚོན་ལྟར་སྣང་བ།།
སྤྲུལ་བའི་སྤྲུལ་བ་སྐུ་གསུམ་སྟོན་པ་དེ་མཁྱེན་ནོ།།

རང་བྱུང་རྩལ་ལས་ཤར་བའི་འཇིག་རྟེན་གྱི་བཀོད་པ།།
འདི་རེད་འདི་མིན་ངེས་བཟུང་ཕྱོགས་ཀུན་ནས་བྲལ་བའི།།
ཁྱབ་གདལ་ཀློང་ཡངས་འགེངས་བའི་འཁྲུལ་སྣང་གི་ཡུལ་དེར།།
བསམ་ཡས་སྒྱུ་འཕྲུལ་བཀོད་པའི་ལམ་སྟོན་དག་མཁྱེན་ནོ།།

ད་ལྟའི་རྟོག་པ་འདི་ལ་འགག་རྒྱུ་ནི་མི་འདུག།
རྟོག་པའི་དཔྱོད་པ་འདི་ལ་ཟད་རྒྱུ་ནི་མི་འདུག།
དཔྱོད་ལ་ཞེན་པ་འདི་ཡིས་དབང་མེད་དུ་འཁྲིད་ནས།།
ལས་ཀྱི་སྣེ་མོ་འདི་ལ་རྫོགས་རྒྱུ་ནི་མི་འདུག།

རྟོག་པའི་གཉེན་པོ་རྟོག་པའི་ངོ་བོ་རུ་ལྟ་དུས།།
རྟོག་པ་གང་ཤར་གཞི་མེད་རྩ་བྲལ་དུ་དྭངས་ཟེར།།
གཞི་མེད་རྩ་བྲལ་ཆོས་སྐུའི་ངོ་བོ་རུ་འདུག་པས།།
ཆོས་དབྱིངས་ཡེ་ཤེས་ངོ་བོར་ལྷུན་མཉམ་དུ་ཞོག་ཟེར།།

ལ་ལའི་ཆགས་སྲེད་གཉེན་པོ་མི་སྡུག་པར་ཞོག་ཟེར།།
སྤང་གཉེན་འཐབ་འཛིངས་རྟོག་པའི་རྟོག་པ་རུ་བཅིངས་ཏེ།།
དཀའ་སྤྱད་སྟོང་ལ་གྲུབ་འབྲས་སྤུ་ཙམ་ནི་མི་འདུག།
སྐལ་བར་ཞི་གནས་བསྒོམ་པའི་རེ་བ་དེ་ལོད་སོང་།།

ཨ་ཧོ།།
སྔ་འགྱུར་ཕ་ཆོས་དྲི་མེད་ལུང་རིགས་ཀྱི་བང་རིམ།།
གསེར་གྱི་གནམ་སྐས་ཆེན་མོའི་སྟེགས་བུ་ལ་ཤོག་དང་།།
ཆོས་དབྱིངས་ཕ་མཐའ་བྲལ་བའི་མཁའ་དབྱིངས་ཀྱི་ངོགས་སུ།།
རང་བྱུང་རིག་པའི་ཉི་ཟླའི་གཞལ་མེད་ཁང་ཡོད་དོ།།    



༼བསྟོད་ཚན་གཉིས་པ།༽
གྲུབ་དབང་པདྨ་ནོར་བུར་མཁྱེན་ནོ།།     

ལྟ་ལོག་དམ་ཉམས་དྲེད་པོའི་ལུང་པ་འགེངས།།      
རྨོངས་པའི་ཁྱུ་ཚོགས་ཕལ་ཆེར་དེའི་དབང་ཤོར།།
ངན་སོང་གནས་སུ་ཤ་སྦྲང་འཚུབས་བཞིན་འཁྲིད།།
བཤེས་གཉེན་ཕལ་ཆེར་ཞི་བའི་དབྱིངས་སུ་ཟིམ།།

ཀྱེ་མ་སྙིགས་མ་ལས་ཀྱང་ཆེར་སྙིགས་འདིར།།
ཕྱི་རུ་ས་གཡོ་འབྱུང་བཞིའི་འཇིགས་པ་མང་།།
ནང་དུ་འགྲོ་རྣམས་མ་ངེས་ནད་གྱིས་མནར།།
ཉོན་མོངས་དུག་ལྔ་མེ་ལྕེ་བཞིན་དུ་མཆེད།།

ཕན་ཚུན་འཁོན་པའི་སྡུག་བསྔལ་བསམ་མི་ཁྱབ།།
རྩོལ་སྒྲུབ་ངལ་བའི་དཀའ་ཚེགས་བརྗོད་ལས་འདས།།
ཉིན་མཚན་བར་མེད་བག་ཆགས་རླུང་གིས་འཁུར།།
དྲན་བསམ་རྣལ་དུ་གནས་པ་དེ་བས་དཀོན།།

ད་ནི་གང་ལ་བརྟགས་ཀྱང་སེམས་ཞུམ་སྟེ།།
ངུ་ངག་མཆི་མའི་ཆར་བ་འབབ་བཞིན་དུ།། 
སྐུ་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ།།
སྙིང་ནས་གདུང་ཤུགས་དྲག་པོའི་གསོལ་བཏབ་ན།།
བརྗོད་དོན་ཚིག་གིས་སྨྲ་ངག་འདིར་དགོངས་ཅིག།

འཁྲུལ་སྣང་སྒྱུ་མའི་སྣང་བ་གང་ནས་བྱུང་།།
མེད་སྣང་ཀ་དག་ཡིན་ན་དོན་སྟོན་ཞིག།
འཁྲུལ་སྣང་གཞི་ལ་དག་ཚུལ་ག་འདྲ་ཡིན།།
གཞི་ཡི་ངོ་བོ་མངོན་སུམ་བསྟན་དུ་གསོལ།།
རིག་གདངས་ལྷུན་གྲུབ་ངོ་བོ་ཅི་འདྲ་ཡིན།།
མངོན་སུམ་རིག་པའི་ངོ་བོར་བསྟན་དུ་གསོལ།།

དད་འདུན་དྲག་པོའི་གསོལ་འདེབས་བདག་མི་ཞན།།
ཡེ་ཤེས་རིག་པའི་བྱིན་རླབས་ཁྱེད་མ་ཞན།།
མཐར་འབྲས་སྐུ་གསུམ་ཟེར་བའི་བྱིན་རླབས་ཅན།།
ད་ལྟ་ཉིད་དུ་མངོན་སུམ་རྟོགས་གྱུར་ཅིག།


༼བསྟོད་ཚན་གསུམ་པ།༽
རིགས་གསུམ་སེམས་དཔའི་གནས་མཆོག་གཡུ་རྩེ་ཡི་ཉེ་འདབས།།
རྨ་ཀླུང་དལ་འབབ་རིང་མོའི་ཀྱོག་མཚམས་ཀྱི་ཁུག་སོ།།
ཨོ་རྒྱན་པདྨའི་བརྒྱུད་འཛིན་དར་ཐང་གི་གདན་སར།།
འཇམ་དཔལ་དགྱེས་པའི་རྡོ་རྗེའི་སྙན་བརྒྱུད་ཀྱི་སློབ་བུ།།
སྐྱབས་ཀྱི་སྐྱབས་མཆོག་པདྨ་ནོར་བུ་དེ་མཁྱེན་ནོ།།

བསྐལ་ངན་མུན་པ་ནག་པོ་ཕྱོགས་ཕྱོགས་ནས་འཁྲིགས་ཤིང་།།
འཛམ་གླིང་སྐྱེ་འགྲོའི་སྣོད་བཅུད་མར་མར་དུ་རྒུད་ལ།།
གངས་ལྗོངས་ཉེར་དགུའི་དམག་གིས་མུན་རུབ་ཏུ་གྱུར་ཚེ།།
ཚོགས་གཉིས་འོད་སྣང་དཀར་བོའི་གླིང་བཞི་ཀུན་བསྐོར་ཏེ།།
སླར་ཡང་མུན་པ་སེལ་བའི་ཟླ་བ་ཁྱེད་མཁྱེན་ནོ།།

འཕགས་ཡུལ་གྲུབ་བརྙེས་སྟོང་གི་གཤེགས་ཤུལ་ལ་སྙེགས་ཏེ།།
སྔོན་སྨོན་རྟེན་འབྲེལ་ཟབ་མོའི་ཐུགས་བསྐྱེད་མཐུ་སད་ལ།།
སྔ་འགྱུར་བསྟན་པའི་མཆོད་སྡོང་འཛམ་གླིང་འདིར་ལྷང་སྟེ།།
གྲངས་མེད་འགྲོ་ལ་དགའ་བདེའི་དཔལ་ཕུན་ཀུན་སྩོལ་བའི།།
བི་མའི་རྣམ་སྤྲུལ་པདྨ་ནོར་བུ་དེ་མཁྱེན་ནོ།།

འཛམ་གླིང་ཁོར་ཡུག་ཆུ་ཕྲན་རྒྱ་མཚོ་རུ་ཐིམ་དུས།།
ནུས་པའི་ནུས་པ་བླག་པའི་དུས་དབང་འདི་གཟིགས་ལ།།
རྒྱལ་བསྟན་ཡུན་དུ་གནས་ཕྱིར་ཐུགས་བསྐྱེད་ཀྱིས་དྲང་སྟེ།།
མཆོག་སྤྲུལ་ཉི་མ་གཞོན་ནུའི་དཀྱིལ་འཁོར་ཞིག་སྤྲུལ་བས།།
འཛམ་གླིང་རྨོངས་མུན་སེལ་བའི་མཐུ་ཅན་ཞིག་སྨོན་ནོ།།    


རྩོམ་ཁུངས། གླིང་ཚང་ཕྲིན་ལས་མཐར་ཕྱིན་གྱིས་གཉེར་བའི་«རྩོམ་རིག་པའི་གཞིས་ཀ་»ཞེས་པའི་ཏར་འཕྲིན་གྱི་ཚོམས་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།