རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 19 October 2020

«སྙན་ངག་སྨྲ་བའི་རི་ཁྲོད་པ།»མགྱོགས་བྲིས་མ།


རྩོམ་པ་པོ། གངས་སེང་དཀར་མོ། 
ས་འཕྱོངས་རྒྱས་ཀྱི་ཞིང་ལ་ལོ་ཐོག་འཁྲུངས།།
ཆོས་སྙིང་ཏིག་གི་བསྟན་ལ་ཚངས་ཐིག་གདབ།།
སྨན་དབྱངས་ཅན་མའི་བརྩེ་བ་ཞུགས་ས་ནས།།
གཞུང་རྒྱ་མཚོ་ཙམ་སྙན་པའི་དབྱངས་སུ་ཕབ།།

ཆོས་རྫོགས་ཆེན་གྱི་ཉམས་རྟོགས་ཁོང་དུ་འུར།།
རྩལ་རང་འབར་གྱི་ཡོན་ཏན་འོད་བཞིན་གསལ།།
རྩ་འཇག་མ་ཚོས་འཕྲེད་གླིང་འབུད་ས་ནས།།
གདངས་འགག་མེད་ཀྱི་གླུ་དབྱངས་ཤར་ཤར་འཐེན།།

གོས་དཀར་རྐྱང་གིས་ཚེ་འདིའི་འཁྲི་བ་བཅད།།
དབུ་རལ་ལྕང་ལ་མེས་པོའི་རང་ཚུགས་འཁྲུངས།།
ལྷ་རྩ་གསུམ་གྱི་བྱིན་རླབས་འཐོབ་ས་ནས།།
གནས་ཡང་དབེན་གྱི་སྒྲུབ་པའི་རྒྱལ་མཚན་འཕྱར།།

ཕ་མཚན་ལྡན་གྱི་གདམས་པ་མལ་ནས་ཞུས།།
རྒོངས་རྨི་ལམ་གྱི་འོད་གསལ་དྭངས་ལ་འཇམ།།
གསུང་ཟབ་དོན་གྱི་སྙིང་པོ་འདྲིལ་ས་ནས།།
བཀའ་མདོ་རྒྱུད་ཀྱི་དགོངས་པ་ཞིབ་མོར་ཕྱེས།།

ཆོས་རྒྱུ་འབྲས་ལ་མཐོང་བཟོས་འབུལ་ས་ནས།།
ཚོགས་ཅི་འབྱོར་གྱི་མཆོད་པ་སྤྲིན་ལྟར་གཏིབས།།
རྩྭི་མེ་ཏོག་ལ་སྦྲང་མ་འཁོར་བ་བཞིན།།
འཁོར་སློབ་ཚོགས་ཀྱང་དབྱར་གྱི་སྤྲིན་ལྟར་འདུས།།

ཕྱི་ཚོགས་དྲུག་གི་སྣང་བ་རང་སར་དག།
ལུས་རྩ་ཐིག་གི་འཁྲུལ་འཁོར་དལ་གྱིས་བཤིག།
སེམས་གསལ་ལེ་བའི་ངང་མདངས་སྐྱོང་ས་ནས།།
གཞི་གདོད་མ་ཡི་རྒྱལ་སར་དབུགས་དབྱུང་ཐོབ།།

༢༠༢༠/༡༠/༡༩

ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།