རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 20 October 2020

ངོ་ཚ་ཞེ་ཁྲེལ་མེད་པར་ཐེག་ཆེན་དུ་རློམ་པའི་སློབ་གསོའི་རང་གཟུགས།

རྩོམ་པ་པོ། མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ།

ཁ་བྱང་འདི་ལྟར་འདོགས་དོན་ནི། རང་རེ་གདོང་དམར་བའི་རིགས་འདི་ཉིད་རང་བཞིན་གྱིས་ཐེག་པ་ཆེན་པོའི་རིགས་ཡིན་རབས་ཤོད་བཞིན་དུ། དོན་དངོས་སུ་རང་རིགས་གདོང་དམར་བའི་རིགས་ལ་རིགས་རུས་མཆོག་དམན་གྱི་ལྟ་ངན་རྒྱུན་ཆགས་སུ་སྤེལ་བར་བྱས་ནས། མགར་བའི་ལས་རིགས་དང་། བཤས་པའི་ལས་རིགས་དང་བུད་མེད་སོགས་མི་གྲལ་དུ་མི་འཇོག་པའི་མཐོང་ཆུང་ཚད་མེད་བྱེད་ཅིང་། དུས་ད་ལྟའང་དེ་རིགས་གུ་ཡངས་མི་གཏོང་བའི་མི་གཤིས་ཀྱི་གདོང་འབགས་གསལ་པོར་རིག་ཐུབ་པའི་ཆེད་དུ་ཡིན་ནོ།།

 
བོད་ཡུལ་སྤྱི་དང་དབུས་གཙང་རུ་བཞིའི་ལྗོངས་སུ་མགར་བའི་ལས་རིགས་ལ་མིར་མི་བརྩི་ཞིང་། བརྒྱུད་ངན་དང་བཙོག་པ་སོགས་ཟེར་ནས་གཉེན་སྒྲིག་བྱེད་མི་རུང་བ། གདན་གཅིག་གི་སྟེང་སྡོད་མི་རུང་བ། ཁ་ཕོར་བསྲེ་མི་རུང་བ་ཧ་ཅང་གི་དམན་པར་བལྟ་གི་ཡོད། དེ་བཞིན་བཤས་པའམ་ཡ་བོ་དང་། ཛམ་པ་ཞེས་མིང་ངན་བཏགས་ནས་སྒོ་འགྲམ་དུ་སྡོད་བཅུག་པ་ལས། ཁྱིམ་ནང་དུ་འོང་མི་བཅུག་པ་སོགས་ཀྱི་ལུགས་སྲོལ་ད་བར་རྒྱུན་འཁྱོངས་བྱས་ཡོད་པ་རེད།།
 
ནང་པའི་ལྟ་གྲུབ་ལ་བསམ་ན། བདེ་གཤེགས་སྙིང་པོ་ཡོངས་ཁྱབ་ཀྱི་ཆ་ནས་ཚང་མ་འདྲ་མཉམ་ཡིན་པར་གསུངས་ལ། སྟོན་པས་བྲམ་ཟེའི་རིགས་རུས་མཆོག་དམན་གྱི་ལྟ་བ་ལ་དགག་པ་གནང་བ་ལྟར་ན། བོད་ཀྱི་མང་ཚོགས་ལ་སློབ་གསོ་བ་བླ་མ་དགེ་བཤེས་ཚོས་དེ་ལུགས་བཞིན། མགར་ར་དང་བཤས་པ་ལ་མཐོང་ཆུང་བྱ་མི་རུང་བར་གསུངས་དགོས་ཀྱང་། ད་བར་ལོ་ངོ་སྟོང་ཕྲག་རིང་ལ་ཡོངས་ཁྱབ་ཏུ་བླ་མ་དགེ་བཤེས་སྤྲུལ་སྐུ་སུ་གང་གིས་ཀྱང་ཡོངས་བསྒྲགས་སུ་གསུངས་མྱོང་མེད་ལ། དེ་ལས་ལྡོག་སྟེ་གདུང་རབས་དང་གདུང་བརྒྱུད་ལམ་ལུགས་གོང་ནས་གོང་དུ་བཀུར་ཞིང་། མགར་ར་དང་བཤས་པའི་གནས་བབས་འོག་ནས་འོག་ཏུ་བཀར་ནས་ད་བར་ཚང་མས་མཐོང་ཆུང་དང་བརྙས་བཅོས་ཚད་མེད་བྱེད་པའི་ཁོར་ཡུག་འདི་དང་། དབུས་གཙང་ཆོས་ཀྱི་ཞིང་ཁམས་ཟེར་བ་འཚམས་པོ་འདུག་གམ།
 
ལོ་རྒྱུས་ལ་ཕྱིར་རྟོག་ཞུས་ན། པུར་རྒྱལ་བཙན་པོའི་སྲིད་འབྱོར་རིག་གསུམ་བླ་ན་མེད་པ་ནི། མགར་རའི་བཟོ་ལས་དང་བྲལ་ཐབས་མེད་ལ། དམག་དོན་དར་བའང་མགར་བའི་ལག་རྗེས་ཡིན་ཞིང་། ཞིང་འབྲོག་ཚོང་སོགས་ཀྱི་ཉེར་ཆས་གལ་པོ་ཆེ་ཀུན་མགར་བའི་ལག་རྩལ་ལས་བྱུང་བ་ཁོ་ན་ཡིན་ལ། བོད་ཡུལ་དུ་ནང་ཆོས་དར་ཚུན་ལའང་གཙུག་ལག་ཁང་སོགས་ཀྱི་སྟེང་གི་གསེར་ཕིབས་སོགས་དང་། ནང་གི་ལྷ་སའི་ཇོ་ཤཀ་སོགས་རྟེན་རྩ་ཆེན་ཀུན། མཆོད་རྫས་རྩ་ཆེན་ཀུན། བླ་མ་སྤྲུལ་སྐུའི་ཉེར་ཆས་ཀུན། མགར་བའི་ལག་རྩལ་ལས་བྱུང་བ་ཤ་སྟག་ཡིན་པའང་མངོན་སུམ་ཚད་གྲུབ་མ་ཡིན་ནམ།
 
ཁ་ལ་ཐེག་ཆེན་ཡིན་ཟེར་མཁན་ཚོས་མ་གྱུར་ནམ་མཁའ་མཉམ་པའི་སེམས་ཅན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཁུལ་དང་། ཐ་ན་འབུ་སྲིན་ཕྲ་མོའི་བདེ་སྡུག་ལ་སེམས་ཁུར་ཡོད་མདོག་སྟོན་ནའང་། དོན་ངོ་མའི་ཐོག་ལ་རང་དང་རིགས་རུས་གཅིག་ཅིང་། མི་རབས་བརྒྱུད་ནས་བྲན་གཡོག་ཏུ་བཀོལ་བའི་མགར་བའི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་ཅིང་། དེ་དག་ལ་གཞན་གྱིས་མཐོང་ཆུང་དང་བརྙས་བཅོས། དམའ་འབེབས་སོགས་ཀྱི་སྐབས་ཀྱི་ཡིད་མུག་དང་སྐྱོ་གདུང་གི་སེམས་ཚོར་ཅི་ཡོད་ལ་བསམ་ཤེས་མི་བྱེད་པར། བྱམས་སྙིང་རྗེ་ཡོད་མདོག་གནང་བའི་ལས་ཚུལ་འདི་རིགས་ནི་ངོ་ཚ་ཁྲེལ་མེད་མིན་ན་གང་ཡིན་ནམ།
 
བོད་ཐེག་ཆེན་གྱི་ལུང་པ་དང་། དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་གྲགས་ཤིང་། ཐེག་ཆེན་གྱི་གཞུང་ལུགས་གསེར་དངུལ་གྱིས་བྲིས་པ་དང་། ཐེག་ཆེན་གྱི་གཞུང་ལུགས་ལ་འགྲེལ་བ་མང་ལ། སློབ་གཉེར་གྱི་སྡེ་མང་པོ་གསོས་ཡོད་ཀྱང་། དོན་ངོ་མར་ཉིན་རེའི་འཚོ་བ་དངོས་ཀྱི་ནང་དུ་རིགས་རུས་འདྲ་མཉམ་གྱི་ལྟ་བ་དེ་ཉིད་གཏན་ནས་ཐེག་མ་ཐུབ་པ་མ་ཟད། ད་ལྟ་དུས་རབས་ཉེར་གཅིག་པར་སོན་ནའང་། ད་དུང་མགར་ར་དང་མགར་རའི་རིགས་ཞེས་མི་མ་ཡིན་པ་ཙམ་དུ་ལྟ་བ་ལ་གཙིགས་སུ་བཟུང་རྒྱུ་ནི་ཡ་རབས་ཀྱི་བྱ་བར་རློམ་གིན། རང་རིགས་ནང་ཁུལ་ལ་གཙང་བཙོག་གི་དབྱེ་འབྱེད་ལ་དགའ་བའི་འདུ་ཤེས་གཏིང་ཟབ་གནས་ཡོད་པ་འདི་རེད།
 
ད་ལྟ་གོ་ལ་ཧྲིལ་པོའི་ཡར་རྒྱས་ནི་བཟོ་ལས་ཡར་རྒྱས་ལ་བརྟེན་ནས་བྱུང་བ་ཡིན་འདུག་པ་ལྟར། བོད་ཡུལ་ལ་མཚོན་ན་དུས་ཕྱིས་སུ་མགར་ར་སོགས་ལག་རྩལ་པར་མཐོང་ཆུང་ཁོ་ན་བྱེད་ཅིང་། སྟོང་བཤད་རིང་ལུགས་པ་དང་། སྤྲུལ་རིགས་གདུང་རིགས་ཟེར་བའི་འདྲ་ཆགས་རིང་ལུགས་ལ་མཐོང་ཆེར་བྱེད་པའི་སྲོལ་དར་ནས། སྤྱི་ཚོགས་ཧྲིལ་པོ་རང་བྱུང་གི་ཐོན་རྫས་ཁོ་ན་ལ་བསྟེན་ཅིང་། དེ་ཡང་བྲན་གཡོག་གི་ངལ་རྩོལ་ཁོ་ནར་བརྟེན་པ་ཙམ་ལས་མེད་པ་དེ་ནི། ཐེག་ཆེན་ཁ་ལ་ཐོགས་པ་ཚོས་མགར་བ་སོགས་བཟོ་ལས་པའི་མགོ་བོ་འགྱོགས་ས་མེད་པའི་ཁོར་ཡུག་བསྐྲུན་པས་ལན་པ་ཡིན་ནོ།།
 
ཕ་མ་ཚོས་རང་གི་བུ་ཚར་མགར་རའི་རིགས་ལ་འབྲེལ་འདྲིས་སྤོང་བ་དང་། གཉེན་སྒྲིག་མི་རུང་བ་དང་རུས་པ་བཙོག་འགྲོ་རབས། མི་གྲལ་མི་ཚུད་རབས་ཀྱི་ཉེན་བརྡ་ཡང་ཡང་གཏོང་བ། གལ་ཏེ་གཉེན་སྒྲིག་བྱས་ན་ལྟས་ངན་དང་ཞབས་འདྲེན་ཐ་ཆད་དུ་བརྩི་བ་དང་། མི་རིགས་གཞན་དང་གཉེན་སྒྲིག་བྱས་ན་དེ་ལ་འཇོན་ནུས་དང་། ཡིད་སྨོན་དུ་བྱེད་པའི་གོ་ལོག་གི་འདུ་ཤེས་བརྟས་དྲགས་པས། ད་ལྟ་མགར་རའི་མི་རྒྱུད་ན་གཞོན་མང་པོས་ཕ་མེས་ཀྱི་ལག་ཤེས་རྒྱང་དུ་འདོར་དགོས་པ་ཆགས་ཡོད་པ་དང་། ཞིང་འབྲོག་ཡོ་བྱད་རིགས་དང་། དགོན་པའི་རྒྱ་ཕིབས་རྟེན་གསུམ་སོགས་མི་རིགས་གཞན་གྱི་ལག་རྩལ་པར་བརྟེན་དགོས་པ་སོགས་གནས་ཚུལ་མང་པོ་ཡོད། འདི་ནི་དམངས་ཀྱི་བསམ་བློ་སྒེར་བསྡམས་ཀྱི་རིགས་རུས་མཆོག་དམན་གྱི་འདུ་ཤེས་བསྐྱེད་པའི་མ་རབས་ཀྱི་སློབ་གསོ་ལས་བྱུང་བ་ཡིན་པས། འདི་ནི་ཐེག་ཆེན་སྨྲ་བ་ཚོའི་ནམ་ཡང་གསུབ་མེད་ཀྱི་ནག་ཉེས་ཚབས་ཆེན་ཡིན་ནོ།།
 
རྒྱ་གར་གྱི་རིགས་རུས་མཆོག་དམན་གྱི་ལྟ་བ་ནི། བྲམ་ཟེའི་རིགས་ཀྱི་སྨྱུག་རྩེ་ལས་ཐོན་པའི་འཁྱོག་པོའི་རྣམ་གཞག་གདུག་རྩུབ་ཅན་ཅིག་ཡིན་པས། ད་བར་དམངས་རིགས་དང་ལྷག་པར་གདོལ་བའི་རིགས་རྣམས་མགོ་བོ་འགྱོགས་ས་མེད་པའི་ཁོར་ཡུག་མི་གཙང་བ་དེ་བསྐྲུན་པ་ཡིན་འདུག་པ་བཞིན། བོད་འདིར་ཡང་དབང་བསྒྱུར་བས་རང་གི་རིགས་རུས་ལྷ་ལ་གཏུགས་པའི་ཇུས་ངན་གདུག་རྩུབ་ཅན་དེས་ཉམ་ཆུང་ཡིག་རྨོངས་པ་རྣམས་བྲན་དུ་བཀོལ་ཞིང་། མགར་ར་སོགས་དམན་ཞིང་བཙོག་པའི་འདུ་ཤེས་བསྐྱེད་པར་བྱས་པ་ལ། མཁས་པ་རྣམས་ཀྱང་དབང་བསྒྱུར་བའི་རྐུབ་གཡོག་ཏུ་གྱུར་ཏེ། དེ་དག་གི་ངང་ཚུལ་ལ་བསྔགས་པ་བརྗོད་པ་སོགས་ཀྱིས་ཁོར་ཡུག་བཙོག་པ་འདི་སྲ་བརྟན་དུ་བསྐྲུན་ཡོད། དེས་ན་ད་ལྟ་གྲངས་མང་བས་ཉུང་བའི་རིགས་འདི་དག་ལ་གུ་ཡངས་དང་། དུས་བསྟུན་མཆོག་དམན་གྱི་ལྟ་ངན་གཙང་སེལ་ཐུབ་ཆེད་སློབ་གསོ་བ་ཆེ་ཕྲ་ཀུན་གྱིས་འགན་འཁུར་ནས། ན་ཆུང་གི་ཀླད་ཁམས་སུ་བཅུག་པའི་རྗེས་ལུས་ཀྱི་སྣང་ཚུལ་ངན་པ་འདི་ཉིད་གཙང་སེལ་གྱིས་མིང་ཙམ་མ་ལྷགས་པར་འབད་པར་གསོལ་བ་འདེབས་པ་ལགས་སོ།། ༢༠༢༠/༡༠/༡༠

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།