རྩོམ་པ་པོ། གླིང་ཚང་ཕྲིན་ལས་མཐར་ཕྱིན།
ཀ
སྨུག་པ་ལང་ལོང་གིས་གཏུམ་པའི་རི་སྒང་དེ་ན། རྩི་ཤིང་དང་ལྡུམ་ར་ཡིད་དུ་འོངས་པས་ཀུན་ནས་བརྒྱན་ཅིང་། དྲིལ་སྒྲ་སྙན་པོ་རེ་ཡང་བར་མཚམས་སུ་གྲག་ཡོང་བ་དང་། གནས་འདི་ན་རྒྱུ་བའི་བྱ་བྱིའུ་འདབ་ཆགས་ཀྱི་རིགས་དང་། གཡུང་དྭགས་དུད་འགྲོའི་ཚོགས་རྣམས་ཀྱང་བག་ཕེབས་ཀྱིས་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས། རང་བྱུང་ཁོར་ཡུག་གིས་སྐྱེ་འགྲོ་ཡོངས་ལ་ལེགས་སྐྱེས་ཀྱི་བྱམས་བརྩེ་བར་ཆད་མྱོང་མེད་པ་ལྟར། གནས་འདིར་ཡང་ཕྱི་རོལ་ནས་བལྟས་ན། རང་བྱུང་གི་མཛེས་སྡུག་དག་གི་འཛུམ་ཞལ་ནམ་ཡང་མཚམས་བཞག་མ་མྱོང་ལ། སྟེང་ལྷ་ཡུལ་དང་འོག་ཀླུ་ཡུལ་སོགས་ཀྱི་དཔལ་དང་ཕུན་ཚོགས་ཡོད་རྒུ་འདིར་བསྡུས་པ་ཡིན་ཞེས་བཤད་ན། ཁྱེད་ཅག་གིས་འུར་སྒྲོག་ཏུ་སྙམ་སྲིད་ཀྱང་། ངོ་མ་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན།
དགོན་པ་འདིའི་ཕྱིའི་རྣམ་པ་ཉམས་དགའ་ཞིང་ལྟ་ན་སྡུག་པ་ཡིན་པས་མི་ཚད། ནང་གི་དགེ་འདུན་དམངས་ལ་སྤྱོད་ཡོན་གཉིས་ལྡན་གྱི་སྐྱེས་བུ་མང་པོའང་གནས་འདི་ནས་ཐོན་པས། འཕེལ་དར་གླིང་ཞེས་སྙན་གྲགས་ཤིན་ཏུ་ཆེ། འཕེལ་དར་གླིང་དགོན་པ་ནི་བླ་མ་འོད་ལྡན་ཚང་གིས་ཕྱག་བཏབ་པ་ཞིག་ཡིན་པ་དང་། བླ་མ་འོད་ལྡན་ནི་སྐུ་ན་གཞོན་དུས་ནས་བསླབ་པ་སློབ་གཉེར་གྱི་བརྒྱུད་རིམ་ཆ་ཚང་ལ། དབང་ལུང་མན་ངག་གི་བརྒྱུད་པའང་བར་མ་ཆད་པར་ལྡན་ཞིང་། བསྟན་པ་དང་འགྲོ་བའི་ཁུར་བཞེས་པར་ཐུགས་སྤོབས་མངའ་བ་དང་། འདས་མ་ད་གསུམ་ལ་ཐུགས་གཞིག་གནང་ཐུབ་པའི་སྐྱེས་བུ་རླབས་ཆེན་ཞིག་ཡིན། བླ་མ་འོད་ལྡན་ཞལ་བཞུགས་དུས་འཕེལ་དར་དགོན་པའི་གོང་འོག་བར་གསུམ་ལ་གཟིགས་རྟོག་དང་ཐུགས་འགན་བཞེས་ཀྱི་ཡོད་པས། དགོན་པའི་ཕྱི་ནང་གསང་གསུམ་གྱི་བྱེད་སྒོ་ཐམས་ཅད་ཧ་ཅང་སྤུས་དག་ཅིང་འཐུས་སྒོ་ཚང་ལ། སྒྲིག་གཞི་དག་ཀྱང་ཚགས་ཚུད་པར་ཡོང་གི་ཡོད། འཕེལ་དར་གླིང་དགོན་པར་ཆ་མཚོན་ན་ཕྱི་ནང་གཉིས་འཛོམས་དང་། སྟོབས་འབྱོར་སྙན་གསུམ་ལྡན་པའི་དགོན་པ་ཞིག་ཡིན་གཤིས། དུས་ཚོད་དེ་ལ་དགོན་པ་འདི་ནི་དབང་ཐང་དང་ཞལ་ངོ་ཧ་ཅང་མཐོ། བླ་མ་འོད་ལྡན་ཚང་གི་མཛད་པ་ཕྲིན་ལས་ནི་དངོས་གནས་ངོ་མཚར་ཞིང་རྨད་དུ་བྱུང་བ་ཞིག་ཡིན། ཁོང་གི་སློབ་མ་ཐུ་བོ་ཆེའམ་དགོན་འདིའི་ནང་གི་མིག་ལྟོས་བྱེད་ས་ནི། སྤྲུལ་སྐུ་རང་གྲོལ་དང་། མཁན་པོ་མཁྱེན་རབ་རྣམ་པ་གཉིས་ཡིན་ལ། བླ་མ་འོད་ལྡན་ཞལ་བཞུགས་དུས་མཁན་སྤྲུལ་རྣམ་པ་གཉིས་དགོན་འདིར་རྟག་ཏུ་བཞུགས་བཞུགས་པ་ཡིན་ཞིང་། བླ་མ་འོད་ལྡན་ལ་བསྟན་པའི་རྒྱལ་མཚན་དགུང་དུ་སྒྲེང་བར་གཞོག་འདེགས་བྱེད་པའི་དཔུང་རོགས་ལྟ་བུ་ཡིན།
འཕེལ་དར་གླིང་དགོན་པ་ཡར་ངོའི་ཟླ་བ་ལྟར་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་དང་། སྙན་གྲགས་ཇེ་རྒྱས། འདུས་པ་ཇེ་མང་། བཤད་སྒྲུབ་གྱི་བྱ་བའང་ཉིན་རེ་བཞིན་ཕྱོགས་དང་ཕྱོགས་སུ་དར་སྤེལ་བྱེད་བཞིན་པའི་སྐབས། ཉིན་ཞིག་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་འོངས་པ་ནི་བླ་མ་འོད་ལྡན་ཚང་སྐུ་གཤེགས་ཚར་བའི་སྡུག་གཏམ་དེ་རེད། འཕེལ་དར་གླིང་དགོན་པའི་བླ་གྲྭ་ཡོངས་ལ་སྡུག་གི་མུན་པ་ཞིག་འཁྲིགས་བྱུང་བ་དང་། ཕྱོགས་གཞན་པའི་མི་རྣམས་ཀྱིས་ཀྱང་འགྲོ་བའི་དེད་དཔོན་ཆེན་པོ་ཞིག་ཉི་མ་ནུབ་རིར་བརྒལ་བ་བཞིན་ཕེབས་སོང་ཞེས་སྨྲེ་ངག་དང་སྡུག་ཡུས་འདོན་གྱི་ཡོད། སྐྱེ་དངོས་ཡོད་ཚད་ལ་རང་ཉིད་ཇི་འདོད་དུ་གནས་པའི་རང་དབང་མེད་པ་བཞིན། གོང་བཞུགས་ཁྲི་ཐོག་བླ་མས་ཀྱང་མི་རྟག་པའི་སྐྱེ་དངོས་ནི་འདི་ལྟ་བུའོ་ཞེས་བརྡ་ཞིག་བསྟན་ཏེ་ཞིང་གཞན་ཞིག་ཏུ་ཕེབས་སོང་།
ཁ།
འཕེལ་དར་གླིང་དགོན་པར་མི་འདོད་པའི་རྐྱེན་ངན་ཐོག་འདྲ་བ་ཞིག་སྟེང་དུ་ལྷུང་བས། ཐམས་ཅད་སྐྱོ་བའི་རྒྱ་མཚོའི་ཀློང་དུ་བྱིངས་ཏེ་ཡོད། བླ་མ་གཤེགས་ནས་ཡུན་རིང་མ་འགོར་བར། མཁན་སྤྲུལ་གཉིས་པོས་གདན་ས་སུས་འཛིན་གྱི་ཐོབ་རྩོད་ཇེ་ཆེ་དང་ཇེ་མངོན་དུ་བྱས་ཤིང་། གཉིས་པོ་རང་རང་གིས་རང་ཉིད་དགོན་འདིའི་ཁྲི་འཛིན་ཡིན་པའི་རྒྱུ་མཚན་མཁྱོག་པོ་རེ་བསྙད་དེ། གྲྭ་དམངས་ཀྱི་ནང་དུའང་ཕྱོགས་གཏོགས་ཀྱི་སྡེ་ཚན་སོ་སོར་གྱེས་ཏེ་འཁྲུག་གཞི་ཆེ་རུ་སོང་བ་དང་ཆབས་གཅིག་ཏུ། སུ་ལང་ཁས་མི་ལེན་པའི་ལྟ་བ་མཁྲེགས་འཛིན་གྱིས་མཁན་སྤྲུལ་གཉིས་ནི་མེ་ཆུ་ནང་བཞིན་མཉམ་གནས་མི་ཐུབ་པར་གྱུར།
སྐབས་དེ་ནས་དགོན་འདིའི་རེ་ལྟོས་བྱེད་སའི་མཁན་སྤྲུལ་གཉིས་ཀས་དགོན་འདིའི་བདེ་སྡུག་ལྟ་རྒྱུ་ཕར་ཞོག རང་རང་གི་འཕྲལ་ཕན་རེའི་ཆེད་དུ་ཕྱི་ཕྱོགས་སུ་ཕེབས་ཏེ། ལོ་གཅིག་གི་ནང་དུ་དགོན་པར་ཐེངས་གཅིག་ཙམ་ཕེབས་པ་ཡང་ཧ་ཅང་ཉུང་། དེའང་རྒྱུ་མཚན་དམིགས་བསལ་བ་རེ་ཡོད་ངེས་ཏེ། དཔེར་ན་མཁན་པོ་ལྟ་བུ་ཚུར་དགོན་དུ་ཕེབས་ནས་དགོན་པའི་སྐྱིད་སྡུག་ལ་ཕྲན་བུ་ཙམ་བལྟས་ན། སྤྲུལ་སྐུའི་ཕྱོགས་གཏོགས་དང་བཅས་པས་ཁ་རྡུང་མགོ་རྡུང་ཚད་བརྒལ་རེ་བྱེད་ཡོང་ཞིང་། ཡང་སྤྲུལ་སྐུས་ལྟ་རྟོག་ཕྲན་བུ་རེ་བྱས་ཀྱས་མཁན་པོའི་ཕྱོགས་གཏོགས་དང་བཅས་པས་དབང་ཆ་འཛིན་པའི་ཆེད་དུ་ཁོ་ནའོ། །ཞེས་དངོས་ཤུགས་བརྒྱུད་གསུམ་ནས་འུར་ཡོང་། དེ་བས་སུས་སུ་ལ་བསམ་ཤེས་མི་བྱེད་པའི་མཁན་སྤྲུལ་གཉིས་ཀྱི་ཕྱོགས་གཏོགས་དང་བཅས་པས་དགོན་འདིའི་བསྟན་པ་རྨང་ནས་བཤིག་པའི་འགོ་བརྩམས་སོང་བ་རེད།
ག
དེ་ལྟར་ཡར་འཐེན་མར་འཐེན་གྱིས་ལོ་ངོ་ཁ་ཤས་སོང་རྗེས། འཕེལ་དར་གླིང་དགོན་པར་མཁན་སྤྲུལ་གཉིས་མེད་པའི་ཤུལ་ནས། དགོན་པའི་དབང་ཆ་དང་ཐོབ་ཐང་ཡོད་ཚད་ཁ་ལ་ཁྱེར་བའི་རང་རློམ་ཅན་འགའ་རེ་བྱུང་ཞིང་། དེ་དག་གིས་ཀྱང་ངོ་ཚ་དང་ཁྲེལ་ཐམས་ཅད་རིང་དུ་དོར་ཏེ། ཆེན་པོའི་མིང་ཅན་འགའ་རེ་རྒྱབ་ལྗོངས་ལ་ཡོད་མདོག་གིས། ཚད་ལྡན་ཚུལ་མཐུན་གྱི་ལས་ཀྱི་སྣེ་མོ་བ་དང་། ཉམ་ཆུང་བའི་གྲྭ་དམངས་ཚོ་ལ་རྡོག་བརྫིས་དང་བཤུ་གཞོག་བཏང་བ་ཉུང་ངུ་ཞིག་གཏན་ནས་མིན།
འཕེལ་དར་གླིང་དགོན་པའི་ཁ་ལས་རླུང་རྟ་རྒུད་ཀྱིན་པའི་སྐབས། གྲྭ་དམངས་ཀྱི་ནང་ནས་སྡེ་ཚན་འདྲ་མིན་སྣ་ཚོགས་པ་ཞིག་བྱུང་། དཔེར་ན་ཐག་གཅོད་ཚོགས་པ་དང་། ཇུས་གཏོགས་ཚོགས་པ་ལྟ་བུ་སྟེ། ཐག་གཅོད་ཚོགས་པའི་ཚོགས་མི་རྣམས་ནི་གཅིག་ལས་གཅིག་ཁ་ཧོབ་ཚིག་ཧོབ་ཆེ་ཞིང་། དགོན་པའི་ཕྱི་ནང་གསང་གསུམ་གྱི་ལས་རིགས་ཡོད་ཚད་ལ། ཚད་གཞི་ངེས་ཅན་རེ་བཞག་སྟེ་འདི་ལྟར་བྱེད། འདི་ལྟར་མི་བྱེད་ཅེས་ཁ་མཚམས་ཆོད་པོའི་སྒོ་ནས་ཐག་གཅོད་བཞིན་ཡོད། ད་དུང་ཐག་ཆོད་ཚོགས་པའི་ཚོགས་གཙོ་ནི། ཕར་བལྟས་ཚོད་ལ་འགྱིང་ཉམས་ཆེ་ཞིང་སྐད་མགོ་ཡང་མཐོ། ཡོད་ཚད་ལ་རྒྱུས་མངའ་ཡོད་མདོག་བྱེད་པར་དགའ་ཞིང་། རང་ཉིད་མཁས་དབང་ཆེན་པོ་ཞིག་ཏུ་ཁས་འཆེ་ཡི་ཡོད། ཚོགས་མི་ཚོས་ཀྱང་ཁོང་ཚོའི་ཚོགས་གཙོ་ནི་སུས་ཀྱང་གླགས་མི་འཁེལ་བའི་མི་བུ་རླབས་པོ་ཆེ་ཞིག་ཏུ་སྙམ་བཞིན་ཡོད།
སྤྱིར་ཐག་གཅོད་ཚོགས་པའི་ཚོགས་མི་སུ་ལའང་དབང་ཆ་ཚད་ལྡན་ཡོད་པ་གཅིག་ཀྱང་མེད། འོན་ཀྱང་ཐག་གཅོད་ཚོགས་པའི་ཚོགས་གཙོ་དང་བཅས་པས། དགོན་འདིའི་ལས་དབང་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་བའི་འཆར་གཞི་བཏིང་ཞིང། ཐམས་ཅད་རང་རང་གི་མལ་སའི་ནང་རྨི་ལམ་ཡིད་དུ་འོངས་པ་རེ་རྨིས་ནས་ཡོད། མ་གཞི་ཚོགས་མི་ཡོངས་རྫོགས་ང་མཁས་དང་།
ངས་འཇོན་དང་།
ངས་བྱེད། ང་ཡིན་ཞེས། རང་ཉིད་ཁོ་ན་མཁས་པ་དང་འཇོན་པོར་རློམ་པ་རྐྱང་རྐྱང་ཡིན།
ཇུས་གཏོགས་ཚོགས་པའི་ཚོགས་མི་རྣམས་ནི་གཅིག་འདྲ་བ་དག་དག་ཡོད། ཁོང་ཚོས་དགོན་འདིའི་འགོ་མཇུག་བར་གསུམ་དུ་ཇུས་གཏོགས་བྱེད་ཀྱི་ཡོད་ལ། ཐ་ན་ཁྱི་དང་ཞི་མིས་འཚོ་བ་རོལ་སྟངས་ཡན་ཆོད་བརྗོད་གཞིར་བྱེད། ཇུས་གཏོགས་ཚོགས་པའི་དྲུང་ཆེ་ནི། སྔ་དགོང་ཉིན་གསུམ་དུ་གཞན་ལ་ཐེ་ཇུས་བྱེད་ཅིང་། དེ་རིང་མི་ཞིག་གི་རྐང་པ་ལ་རྨ་ཆགས་པ་དང་། གྲྭ་པ་ཆེ་གེ་མོས་འབྲས་ཕོར་བ་གཉིས་བཟས་པ་དང། བླ་རྒན་ག་གེ་མོས་རང་གི་ཚ་བོར་རྔན་པ་སྤྲད་པ་དང་། མི་གཞན་ཞིག་གཉིད་ཤོར་ནས་ཞོགས་ལྟོ་མ་རག་པ་སོགས་ལའང་ཐེ་ཇུས་བྱེད། མཐོང་མཐོང་རིག་རིག་དང་གོ་གོ་ཐོས་ཐོས་ཡོད་ཚད་ཁུར་བླངས་ནས་ཇུས་གཏོགས་བྱེད་པ་ནི། ཇུས་གཏོགས་ཚོགས་པའི་དྲུང་ཆེའི་ལས་ཀ་ཆེ་ཤོས་དེ་རེད། དྲུང་ཆེས་དང་པོ་རང་ཉིད་ཀྱིས་ཇུས་གཏོགས་ཁྲོད་ནས་རག་པའི་གནས་ཚུལ་རྣམས་ཆད་ལུས་མེད་པར་ཚོགས་མི་རྣམས་ལ་སྙན་ཞུ་བྱེད་དགོས་ཤིང་། དེ་ནས་ཚོགས་མི་རྣམས་ཀྱིས་རང་རང་གིས་འཆར་སྣང་དང་འབྲེལ་བ་ཇུས་གཏོགས་དམིགས་བསལ་བ་རེ་ཡང་བྱེད་སྲོལ་ཡོད།
ཇུས་གཏོགས་ཚོགས་པས་འགན་ཆེན་པོ་ཞིག་ཕྲག་ཏུ་ཁུར་ཏེ་ལས་དོན་རྩ་ཆེན་ཞིག་སྒྲུབ་ཀྱི་ཡོད་པའི་ང་རྒྱལ་དང་། དགོན་འདིའི་ནང་ང་ཚོ་ལས་ཡན་མཁས་འཇོན་གཉིས་ལྡན་ཞིག་མེད་པའི་དམ་བཅའ་བྱེད་ཀྱི་ཡོད། དགོད་བྲོ་བ་ཞིག་ལ་ཚོགས་པ་གཉིས་པོའི་མིག་རྒྱང་རིང་དྲགས་པས་ཡིན་ནམ། དགོན་འདིའི་ཁ་ལས་རྒུད་བཞིན་པའི་གནས་ཚུལ་ཡིན་མིན་སོགས་ནི་ཕྱོགས་དང་སྤུ་ཙམ་ཡང་མཐོང་གི་མེད།
ང་།
རྒྱུ་རྐྱེན་སྣ་ཚོགས་པ་ཞིག་གིས་འབྲུག་ལྟར་སྙན་གྲགས་ལྡིར་བའི་དགོན་ཆེན་འཕེལ་དར་གླིང་ནི། ཟླ་བ་མར་འགྲིབ་ཀྱི་ངང་ཚུལ་ལྟར་ལོ་ཟླ་རིམ་བགྲོད་ཀྱི་ཁྲོད་ནས་ཉམས་ཆག་ཆེན་པོར་ཕྱིན་ཏེ། ད་ཆར་དགོན་མཐའི་རྒན་པོ་རྒན་མོ་འགའ་ཡིས་སྐོར་བ་བྱེད་ས་ཙམ་ལས། བཤད་སྒྲུབ་ཀྱི་སྡེ་རྣམས་ཀྱང་འཐོར་ཞིག་ཏུ་སོང་སྟེ། སྔར་མི་ཀུན་གྱིས་ཡིད་སྨོན་དང་རེ་ལྟོས་བྱེད་ས་དེ་ཉིད་ད་ནི་མིང་གི་ལྷག་མ་ཙམ་ལས་ཅི་ཡང་མེད་པར་གྱུར། གཏམ་དཔེར། རླུང་རྟ་ཐུར་རྒུད་ལ། བརྙས་སྨོད་ཇེ་མང་།
ཞེས་པ་ལྟར་དགོན་སྡེ་གཞན་རྣམས་སུ་ཅུང་ཙམ་མི་འགྲིག་པ་བྱུང་དུས། འཕེལ་དར་གླིང་དགོན་པ་ལྟ་བུར་མི་རུང་ཞེས་དཔེ་འཇོག་ས་གཙོ་བོར་གྱུར། འཕེལ་དར་གླིང་དགོན་པ་ལྟ་བུའི་དགོན་པ་དར་རྒྱས་ཕུན་སུམ་ཚོགས་པ་ཞིག འདི་ལྟར་ལོ་ངོ་ཁ་ཤས་ཀྱི་ནང་ཉམས་རྒུད་དུ་སོང་བ་ནི་ཅི་འདྲའི་ཕངས་པ་ལ་ཨང་།
༢༠༢༠།༡༠།༠༡ ཉིན་ལ་གྲུབ།
རྩོམ་ཁུངས། ངེད་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།