རྩོམ་པ་པོ། སློབ་དཔོན་འོད་གསལ་ཀུན་བཟང་ཆོས་འཕེལ།
དུས་གསུམ་རྒྱལ་བའི་ཐུགས་ཀྱི་ཆུ་གཏེར་ལས།།
མཚན་དཔེའི་མཛེས་སྡུག་ཆུ་ཤེལ་གསར་པའི་ཁམས།།
ཐར་འདོད་སྐྱེ་དགུ་ཡོངས་ཀྱི་དཔུང་གཉེན་ཏེ།།
ཁ་བ་བུ་ཡུག་འཚུབ་པའི་མཐོ་ས་ནས།།
བགྲོད་དཀའ་ལ་ལུང་མང་པོ་གོམ་གྱིས་འཇལ།།
ལྷོ་གླིང་ཙནྡན་ནགས་མའི་དམའ་ས་ནས།།
དུས་མཐའི་རྒྱལ་བསྟན་སྲོག་གི་ཀ་བ་ཚུགས།།
འཇིགས་རུང་དུས་ཀྱི་ཉོན་མོངས་འཕེལ་ཁ་ན།།
ཞུམ་མེད་སྙིང་སྟོབས་སྲ་བའི་གོ་བགོས་ཏེ།།
རྨད་བྱུང་ཐུབ་པའི་བསྟན་པ་འཛིན་མཁས་པའི།།
བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་སྐད་གསང་མཐོ།།
ཨེ་མ་ལྔ་བདོའི་དུས་ཀྱི་མཐའ་འཁོབ་ཏུ།།
ཁྱེད་ཀྱི་མཛད་ཕྲིན་འོད་ཟེར་བརྒྱ་པ་ཡིས།།
དཔག་ཡས་གདུལ་བྱའི་བློ་མུན་སེལ་བའི་མོད།།
གློ་འབུར་ཞིང་གཞན་གཤེགས་པ་ཅི་ཞིག་དགོངས།།
རི་བོ་གངས་དང་ལྷོ་གླིང་མཚོ་ངོགས་ནས།།
ཞབས་རྗེས་རྡོ་ལ་བརྐོས་པའི་པ་ཏྲ་དང་།།
ཕྱག་རི་ཤིང་ལ་དོད་པའི་བརྗེད་ཐོ་ཉིད།།
ཡིད་སྲུབས་བདག་པོའི་དཔུང་གིས་གསུབ་ཏུ་མེད།།
མགོན་ཁྱེད་ཆུ་ལྷའི་ཕང་བར་གཟིམས་ཚུལ་གྱིས།།
བདག་ཅག་གློ་སྙིང་མགྲིན་པའི་ལམ་ལ་འཚངས།།
མིག་ཆུ་ཟོལ་གྱིས་མཁུར་ཚོས་འགྲིམས་པའི་མཚམས།།
ཉི་གཞོན་ཀཻ་ལཱ་ཤ་ཡི་རྩེ་ནས་ཤར།།
བྱ་མ་མཁའ་རུ་ལྡིང་བའི་རྗེས་ཤུལ་ནས།།
ནར་མ་སོན་པའི་བྱིའུ་ཆུང་དྭ་ཕྲུག་ཚོགས།།
གདུང་བའི་མེ་ལྕེས་སྙིང་ཁམས་བསྲེགས་པའི་ཚེ།།
ཚ་གདུང་སྐྱོབ་པའི་གདུགས་དཀར་སྲིད་ན་འཕྱོ།།
སྡུག་བསྔལ་ཁུར་བོ་བརྩེགས་པའི་དོ་ར་ནས།།
འོ་དོད་དབྱངས་སུ་གྱེར་བའི་ཉམ་ཐག་ལ།།
ཆོས་དབྱིངས་ཕ་མཐའ་བྲལ་བའི་རྒྱ་མཚོ་ནས།།
རྣམ་དཔྱོད་འཁྱུག་འགྲོས་གཟིགས་པའི་གསེར་མིག་ཉ།།
སྲིད་གསུམ་ཧ་ལོའི་དུག་གི་གྲོང་ཁྱེར་ནས།།
བཙན་དུག་དཔལ་ལ་རོལ་བའི་མགྲིན་སྔོན་ཁྱུ།།
དགུན་གསུམ་འཇིག་རྟེན་དབང་པོས་གདུང་བའི་ཚེ།།
མན་ངག་སྦྲང་ཆར་འབེབས་པའི་བུམ་པ་བཟང་།།
མཛེས་སྡུག་ཁ་བའི་མདངས་ཀྱིས་རབ་འཁྱུད་པ།།
ཕུན་ཚོགས་དཔལ་གྱིས་ཕྱུག་པའི་སྐྱེད་མོས་ཚལ།།
མཐའ་ཡས་གླིང་བཞིའི་ར་ཡིག་གཉིས་པའི་ཚོགས།།
ཡི་དབང་ཅིག་ཅར་འགུགས་པའི་པདྨ་འཛུམ།།
མཉམ་མེད་ཟས་གཙང་སྲས་པོའི་བསྟན་པ་དེ།།
ཟོལ་གྱིས་དགོང་ཁའི་ཉི་འོད་ལ་འགྲན་ཞིང་།།
ལྟ་ལོག་སྨག་རུམ་པང་དུ་གཟིམས་པ་ན།།
ཟག་མེད་ཆོས་དབྱངས་སྒྲོག་པའི་གཡས་འཁྱིལ་དུང་།།
ཟབ་དོན་བྱེ་བ་འདོད་འཇོའི་དཔག་བསམ་དང་།།
དཔག་མེད་ཡོན་ཏན་འབུམ་གྱིས་རབ་ཕྱུག་པའི།།
གངས་ལྗོངས་དབྱིག་གི་ནོར་བུ་བློ་གྲོས་མ།།
ཐུགས་ཀྱི་མདུད་པ་མི་ཤིགས་དཔལ་བེའུ་བརྗིད།།
མཐའ་བཞི་ཆོས་ལོག་སྨྲ་བའི་ལྕེ་བརྒྱ་དང་།།
ཉོན་མོངས་མཚན་ཁ་རྒྱས་པ་བྱེ་བ་སྟེ།།
གཏན་བདེ་སྲོག་རྩ་ཆོད་པའི་དམག་དཔུང་གི།
གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས།།
ཀླ་ཀློའི་མུན་པ་ཐིབས་པོའི་ཀློང་འཁོར་དུ།།
རིག་པའི་གོམ་འགྲོས་འཁྱོར་བའི་སྐྱེ་བོ་རྣམས།།
ཐུགས་ཀྱི་ལྕགས་ཀྱུ་རྣོན་པོས་ཡར་འདྲེན་པའི།།
ལུང་རྟོགས་གསེར་གྱི་འཁོར་ལོ་ཤིང་རྟ་ཆེ།།
མི་འགྱུར་གཉུག་མའི་ཁམས་ཀྱི་རང་སྣང་རྩལ།།
ལྷུན་གྲུབ་བདེ་བ་ཆེན་པོའི་མཚན་དཔེ་འབུམ།།
ལྷ་གཅིག་མི་ཡི་ཟློས་གར་གྲུབ་དབང་རྗེ།།
ཁམས་གསུམ་ཟིལ་གྱིས་གནོན་པའི་རྡོ་རྗེ་ཆེ།།
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།