རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 15 November 2020

ཆེས་འཇིགས་སུ་རུང་བ་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པར་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཁྲིད་བྱེད་པ་དེ་ཡིན།

རྩོམ་པ་པོ།  ཐང་ཡོན།
འབྲི་རུ་བ་གཡང་འགྲུབ་ཀྱིས་བསྒྱུར།

གནས་ལུགས་ལྟར་ན།  དགེ་རྒན་ནི་མ་གཞི་ནས་དཔེ་ཀློག་ལ་གཞོལ་བའི་ཚོགས་པ་ཞིག་ཡིན།  ཡིན་ནའང་རྒྱུགས་སྤྲོད་དམིགས་ཡུལ་དུ་འཛིན་པའི་སློབ་གསོ་དང་ཁེ་ཕན་གཙོ་བོ་འཛིན་པའི་སློབ་གསོའི་འགོག་རྐྱེན་འོག   ཁོ་ཚོའི་མིག་མདུན་ན་སྐར་གྲངས་ལས་མེད་ལ།  སྦྱངས་འབྲས་ལས་མེད།  སློབ་མའི་ཉོག་བཤད་ལས་མེད་དེ་མི་ཚེའི་ཁྲོད་དཔེ་ཀློག་ནི་ཉིན་རེ་ནས་ཉིན་རེ་བཞིན་ཆར་རྗེས་ཀྱི་འཇའ་ཚོན་ལྟར་ཡལ།
 
བདག་གིས་བསམ་པར།  ཉེ་དུས་སློབ་གསོའི་གནད་དོན་ཆེ་ཤོས་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པ་དེ་རེད་སྙམ།   དཔེ་ཀློག་ལ་ཅིས་ཀྱང་གཞོལ་དགོས་པའི་དགེ་རྒན་གྱི་དཔུང་སྡེ་དག་དཔེ་ཀློག་དང་རྒྱང་ཐག་རིང་བའི་ཚོགས་པ་ཞིག་གྱུར།  མ་ཟད་དེའི་ཁྲོད་དཔེ་ཀློག་ལ་གཞོལ་དགོས་པའི་ན་གཞོན་གྱི་དགེ་རྒན་དག་གིས་དཔེ་ཀློག་གི་བྱ་བ་སྣང་མེད་དུ་བསྐྱུར་བ་དང་དཔེ་ཀློག་ཏིལ་འབྲུ་ཙམ་ཡང་མི་བགྱི་བའི་དཔུང་སྡེ་ཞིག་ཆགས།
 
སློབ་གྲྭའི་ནང་ཆེས་འཇིགས་སུ་རུང་བ་ནི་དཔེ་ཀློག་དང་བྲལ་ཞིང་རྣམ་དཔྱོད་ཀྱི་རིག་པ་ཁུམ་པའི་དགེ་རྒན་ཞིག་གིས་ཨུ་ཚུགས་དང་གླེན་ལྐུགས་ཀྱིས་ངལ་བའི་ཕུང་པོ་ཁུར་བཞིན་སློབ་ཁྲིད་ལ་གཞོལ་བ་དེ་ལགས།  འདི་དང་འདི་ལྟ་བུའི་དགེ་རྒན་གྱིས་དཀའ་སྤྱད་སྡུག་རུས་རྒྱབ་ཏེ་གྲུང་ཤ་དོད་པའི་སློབ་མ་མང་པོ་ཞིག་སློབ་སྦྱོང་བྱེད་མི་ཤེས་པའི་གནས་སུ་སྤྱུགས་ཀྱིན་ཡོད།
 
དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་སྐབས་དཔེ་ཀློག་གི་རྒྱུ་ཆ་མཐའ་དག་ཁྱེར་ཏེ་སློབ་ཁྲིད་བྱེད་པ་ཡིན།  ད་ལྟའི་དགེ་རྒན་མང་པོ་ཞིག་གིས་དཔེ་ཀློག་མི་བྱེད་པ་དང་ཡང་ན་སློབ་ཁྲིད་ཀྱི་བསླབ་གཞི་དང་སློབ་དཔྱོད་ཁོ་ན་ལས།  ལོ་རྒྱུས་ཀྱི་དེབ་ཐེར་ལྟ་ཅི་ཐ་ན་ཆེས་མ་མཐའི་དཔེ་ཀློག་ཀྱང་མི་བགྱི་བ་ཡིན།   ཁོ་ཚོའི་སློབ་ཁྲིད་ནི་ལད་མོ་བྱས་ཏེ་བསྐྱར་ཟློས་བྱས་པ་ཙམ་ལས།   ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་ཐབས་ཤེས་དང་ཐབས་རྩལ།  སློབ་ཁྲིད་ཀྱི་བློ་གྲོས་མེད་ལ།  ཐ་ན་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དོན་སྙིང་གཟབ་ལ་གོ་བདེ་བ།  ངོ་མཚར་ཁྱད་དུ་འཕགས་པའི་ས་མཚམས་ཀྱང་བསྐྱོད་མི་ཐུབ་པ་ཡིན།
 
དགེ་རྒན་གྱིས་དཔེ་ཀློག་བྱེད་པ་ནི་སློབ་ཁྲིད་ཀྱི་གྲ་སྒྲིག་ལེགས་ཤོས་དེ་ཡིན་ལ། ཆེས་དོན་སྙིང་ཟབ་པའི་བསླབ་གཞི།  ཆེས་མངོན་པར་མཐོ་བའི་ལས་རིགས་ཀྱི་སྤུས་ཚད།  ནང་སེམས་ནས་འཕྱུར་བའི་བསམ་པའི་དགོས་མཁོ་དང་སློབ་གསོའི་ཆེས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཀྱང་ཡིན།  དགེ་རྒན་དག་མ་ཞིག་ནི་ངེས་པར་དུ་དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་དགོས།  ཕུལ་བྱུང་གི་དགེ་རྒན་ནི་དཔེ་ཆར་ཐུན་མོང་མ་ཡིན་པའི་བརྩེ་སེམས་མངའ་བའི་དཔེ་ཆ་བ་ཞིག་ཀྱང་ཡིན་དགོས། 
 
དགེ་རྒན་གྱིས་དཔེ་ཀློག་མི་བྱ་བ་ཕུད། དགེ་རྒན་ལ་ལས་ཞར་ཀློགབྱས་ནས་དཔེ་ཀློག་བྱ་སྐབས་དོན་དངོས་ཀྱི་དགོས་མཁོ་དང་མི་བསྟུན་པར་ཚད་མཚམས་མི་འཛིན་པ་དང་།   དམིགས་ཡུལ་མེད་པ། གཞན་ལ་ལད་མོ་བྱེད་པ། གཞན་རྗེས་འབྲངས་པ་བཅས་བྱེད་ཀྱི་ཡོད།  ཡང་ན་ནན་ཏན་མི་བྱེད་པར་དཔེ་ཀློག་སྐབས་སུ་སེམས་པ་ལྷོད་དུ་མི་འབེབས་པ་དང་། ཁེ་ཕན་བཅངས་ནས་ཀློག་པའི་ཆེད་དུ་ཀློག་པ།  སེམས་པ་ལྷིང་འཇགས་ཏུ་མི་གནས་པ་མ་ཟད། རྒྱུན་འཁྱོངས་ལྷོད་མེད་བྱ་མི་ཐུབ་པ་བཅས་རེད།  ཡང་ན་གམ་ཀློགབྱས་ནས་ངང་རྒྱུད་བྱ་མི་ཐུབ་པ།  གཏིང་ཟབ་ཏུ་འཇུག་མི་ཐུབ་པ་བཅས་བྱས་ནས་དཔེ་ཆ་ཞིབ་ཚགས་སྤུས་དག་ཀློག་མི་ཐུབ་པ་དེ་ཡིན།
 
དགེ་རྒན་མང་པོ་ཞིག་གིས་དཔེ་ཀློག་མི་བྱེད།  ཁོ་ཚོས་རྟག་པར་རང་ཉིད་ལས་ཀར་བྲེལ་བ་ཆེ་བས་དཔེ་ཀློག་གི་དུས་ཚོད་མེད་པར་ཁག་དཀྲི་ཡི་ཡོད།    དངོས་འབྲེལ་དུས་ཚོད་ཀྱིས་མ་འདང་བ་ཨེ་ཡིན།  བདག་གིས་བསམ་པར་དུས་ཚོད་ཡོད་མེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ཉིད་ཀྱིས་དཔེ་ཀློག་གི་བྱ་བ་འདི་མི་ཚེའི་ནང་དུ་ཆེས་འགངས་ཆེ་བའི་ལས་དོན་ཞིག་ལ་བརྩི་ཡི་ཡོད་མེད་ལ་རག་ལས།    གལ་ཏེ་ཉིད་ཀྱིས་གལ་ཆེ་བ་དགོངས་ན།   ངེས་པར་དུ་དུས་ཚོད་བཀོད་བསྒྲིག་བྱེད་སྲིད།  གལ་ཏེ་དེ་ལས་ལྡོག་ཚེ་ཏན་ཏན་ཁག་དཀྲི་ས་དང་ཁ་གཡར་ས་ཀྱང་འཚོལ་ངེས། 
 
གལ་ཏེ་དཔེ་ཀློག་གི་བྱ་བ་དེ་མི་ཚེའི་ནང་གི་བྱ་བ་གལ་ཆེན་ཞིག་ཏུ་བཟུང་ཚེ་དུས་ཚོད་བཀོད་བསྒྲིག་བྱེད་མི་སྲིད་དམ།  དཔེར་ན།  ན་གཞོན་གྱི་བརྩེ་བར་ཆགས་པའི་ཕོ་གཞོན་དེས་བྲེལ་བ་ཇི་ཙམ་ཆེ་ཡང་དགའ་གྲོགས་དང་འདུ་འཛོམས་ཀྱི་དུས་ཚོད་འཐེན་ངེས།   གཞན་ཡང་ཐ་མག་འཐེན་མཁན་རྣམས་ལ་མཚོན་ན་ཇི་ལྟར་བྲེལ་འཚུབ་ཆེ་ན་ཡང་དུ་བ་འཐེན་རྒྱུ་གཏན་ནས་བརྗེད་མི་སྲིད།     ཉིན་རེའི་ལྟོ་དུས་གསུམ།  ཇི་ལྟར་བྲེལ་བ་ཆེ་ཡང་འདི་དག་ནི་ང་ཚོའི་ནང་སེམས་ཀྱི་དགོས་མཁོ་སོང་ཙང་སུས་ཀྱང་བརྗེད་མི་སྲིད།  དགེ་རྒན་མང་པོ་ཞིག་གིས་ལས་ཀའི་བྲེལ་བ་ཆེ་བས་དཔེ་ཀློག་གི་དུས་ཚོད་མེད་ཟེར་བ་ནི་བདག་གི་བསམ་པར་དཔེ་ཀློག་བྱེད་ཁོམ་མེད་པར་ཁ་གཡར་བས་ད་གཟོད་བྲེལ་བ་ཆེ་བ་ཡིན་སྙམ།
 
མི་དང་མིའི་ཧེ་བག་ནི་ལས་ཞོར་གྱི་དུས་ཚོད་དང་སིལ་བུར་འཐོར་བའི་དུས་ཚོད་བེད་སྤྱོད་བྱེད་སྟངས་ལས་བྱུང་བ་ཡིན།   སློབ་གསེང་གི་དུས་ཚོད།   གུང་གསེང་གི་དུས་ཚོད།   བར་གསེང་།   ཡུལ་སྐོར་གྱི་འགྲུལ་བཞུད།   གནམ་གྲུ་སྒུག་སྐབས།   མེ་འཁོར་སྒུག་སྐབས།    མཚན་མོ་གཉིད་མ་ཉལ་བའི་གོང་ལ།   ཞོགས་པ་མལ་ལས་ལྡང་གྲུབ་རྗེས།   ཐ་ན་ཇ་འཐུང་བའི་བར་གསེང་ནས་དུས་ཚོད་ཐུང་ངུ་ཞིག་གི་ནང་དཔེ་ཀློག་ཕྲན་བུ་རེ་བགྱི།   འདི་དག་ཚང་མ་ནི་དཀའ་ཚེགས་ཀྱི་བྱ་བར་མི་འཛེམ་པ་དང་།   ལྷག་དོན་ང་ཚོས་དངོས་གནས་ལྟ་ཀློག་བྱ་རྒྱུའི་རིང་ཐང་དང་དོན་སྙིང་ངོས་འཛིན་ཐུབ་མིན་ལ་རག་ལས།     ད་དུང་དགེ་རྒན་ཁག་གཅིག་གིས་དཔེ་ཆ་མི་ཀློག་པ་ནི་ཁོ་ཚོས་བཀླགས་པ་རྣམས་བློར་འཇགས་མི་ཐུབ་ཟེར་བཞིན་ཡོད།   ཡིག་རྒྱུགས་ཆེད་དུ་དཔེ་ཀློག་ཕུད།   ང་ཚོས་དཔེ་ཆའི་ནང་གི་སྐད་ཆ་དང་ཡི་གེ་གང་རུང་ཞིག་དམིགས་སུ་བཟུང་ནས་བློར་འཛིན་མི་དགོས།   བྱས་ཙང་བློར་འཛིན་མི་ཐུབ་པ་ནི་རྒྱུན་ལྡན་ཡིན།
 
ལོ་འདི་དག་གི་ནང་དུ་ངས་དཔེ་ཆ་མང་པོ་བཀླགས་ཟིན།  ཡིན་ནའང་ངས་ནང་དོན་མང་པོ་ཞིག་བློར་བཟུང་ཐུབ་མེད།   ངས་རང་ཉིད་ཀྱི་བློ་རུ་འཇགས་པ་བྱེད་ཆེད་ནང་དོན་གཙོ་བོ་དང་།  གཏམ་སྙན་པོ་འགའ་ཡང་སྐོར་བསྐྱར་སྐོར་བྱས་ནས་བཀླགས་པ་མ་ཚད་མཆན་བཀོད་དང་ནང་དོན་གནད་བསྡུས་ཀྱང་བྱས་པ་ཡིན།  དེའི་དམིགས་ཡུལ་ནི་ཤེས་རྟོགས་དང་སླད་ཕྱིན་བེད་སྤྱོད་བྱ་ཆེད་ཡིན།  ཡིན་ནའང་ད་དུང་ཡོད་ཚད་བློ་རུ་འཇགས་པའི་ནུས་པ་ཐོན་མེད།
 
འོན་ཏང་།   སེམས་སུ་འཛིན་མ་ཐུབ་པ་ཙམ་གྱིས་སྟོང་ཀློག་རེད་དམ།  བཀའ་འདྲི་ཞུ་རྒྱུར།    ལོ་ཟླ་ག་གེ་མོའི་ཚེས་པ་ག་གེ་མོ་ཞིག་ལ་ཉིད་ཀྱིས་ཞོགས་ཟས་གང་ཞིག་མཆོད་ཡོད།  དེ་དྲན་སོས་ཀྱི་འདུག་གམ།   ལོ་ཟླ་ག་གེ་མོའི་ཚེས་པ་ག་གེ་མོ་ཞིག་ལ་ཉིད་ཀྱིས་ཉིན་གུང་ཞལ་ལག་གང་ཞིག་མཆོད་པ་ཡིན།   ཉིད་ཀྱིས་དྲན་སོས་ཀྱི་འདུག་གམ།   ལོ་ཟླ་ག་གེ་མོའི་ཚེས་པ་ག་གེ་མོ་ཞིག་ལ་ཉིད་ཀྱིས་དགོང་ཟས་གང་ཞིག་མཆོད་པ་ཡིན།  ད་དུང་དྲན་སོས་ཀྱི་འདུག་གམ།
 
ངས་ཚོད་དཔག་བྱས་ན་ཕལ་ཆེར་སུས་ཀྱང་དྲན་མི་སྲིད།  འོན་ཀྱང་ཁྱེད་ཀྱིས་མཆོད་ཟིན་པའི་ཞལ་ཟས་ཚང་མ་ཕན་འབྲས་ཅི་ཡང་མེད་པ་རེད་དམ།   ཁྱེད་ཀྱིས་མཆོད་ཟིན་པའི་ཞལ་ཟས་དག་དྲན་མ་སོས་ཀྱང་།  ཞལ་ཟས་དེ་དག་ཐམས་ཅད་ཀྱི་སྙིང་བཅུད་མཐའ་དག་ཁྱེད་ཀྱི་ཤ་ཁྲག་རུས་གསེང་ལ་འཐིམ་ཟིན།   དཔེ་དེ་བཞིན།  ཁྱེད་ཀྱིས་བཀླགས་ཟིན་པའི་དཔེ་ཆ་རྣམས་ཡིད་དུ་འཛིན་མ་ཐུབ་ཀྱང་སྟོང་ཀློག་བྱས་པ་ནི་རྩ་བས་ནས་མ་ཡིན།  གང་ལགས་ཞེ་ན་ཁྱེད་ཀྱིས་བཀླགས་ཟིན་པའི་དཔེ་ཆའི་སྙིང་བཅུད་དག་བསམ་པའི་འཚོ་བཅུད་དུ་གྱུར་ནས་ཁྱེད་ཀྱི་རྣམ་ཤེས་ལ་འཐིམ་ཟིན། 
 
ཡང་དག་པའི་ཀློག་པ་པོ་ཞིག་ལ་དཔེ་ཆ་ཀློག་པར་རྒྱུ་མཚན་ཅི་ཡང་མི་དགོས།  ཡིན་ནའང་དཔེ་ཆ་མི་ཀློག་མཁན་ཞིག་ལ་དཔེ་ཆ་མི་ཀློག་པའི་རྒྱུ་མཚན་ཤིན་ཏུ་མང་།  དོན་དངོས་ཐོག་འདི་དག་ནི་རྒྱུ་རྐྱེན་ནམ་རྒྱུ་མཚན་མ་རེད།

 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།