མཛད་པ་པོ། དོལ་པོ་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས།
༄༅། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སྭཱ་ཧཱ།
རང་ཉིད་འཕྲལ་ཕུགས་བདེ་བ་ངལ་གསོའི་སྟེགས། །
གཞན་ཕན་སྟོབས་ཤུགས་བསྐྲུན་པ་བདུད་རྩིའི་སྨན། །
འཛམ་གླིང་ཞི་བདེ་འབྱུང་བའི་རྒྱུ་གཅིག་སྟེ། །
གཏམ་འདི་གཞུང་ཆེན་ཁག་གི་མཐའ་དཔྱོད་མིན། །
ཁྲིད་ཡིག་རྣམས་སུ་ཆེད་དུ་གདམས་པ་མེད། །
ཐོས་བསམ་པ་ཡིས་དཀའ་གནད་མ་བརྩིས་ལ། །
ཆོས་བརྒྱུད་བར་གྱི་རྩོད་གཞི་དེ་བས་མིན། །
འོན་ཀྱང་འདི་ནི་ཐུབ་པའི་བསྟན་པ་ཡིན། །
ཨོ་རྒྱན་པདྨའི་གཏེར་གྱི་ངོ་བོ་ཡིན། །
ཞི་བ་ལྷ་ཡི་ཐུགས་ཀྱི་སྙིང་ཐིག་ཡིན། །
དེ་ཕྱིར་མཁས་གྲུབ་ཡོངས་ཀྱི་ཉམས་ལེན་ཡིན། །
ཉམས་ལེན་དེའི་གོལ་ས་རྣམ་པ་བཅུ། །
རྒྱུན་དུ་བར་ཆད་ཆེ་བ་མྱོངས་སྟོབས་ཀྱིས། །
ཤེས་ནས་བརྗེད་ཐོའི་རྟེན་དང་སྐལ་མཉམ་ལ། །
ཤིན་ཏུ་ཕན་པའི་བསམ་པས་ཆོས་སྦྱིན་སྤེལ། །
༡༽
རྡོར་དྲིལ་ལ་སོགས་ཐུན་གྱི་ཡོ་བྱད་ཀུན། །
གྲ་སྒྲིག་བྱེད་ཞོར་སེམས་བསྐྱེད་ཚིག་ཐལ་ན། །
གཞན་གྱི་སྡུག་བསྔལ་བསམ་ལོང་མ་བྱུང་བས། །
ཐུན་དེ་བྱང་ཆུབ་སེམས་ཀྱི་གོལ་ས་ཡིན། །
༢༽
སྔ་དགོང་ཐུན་གྱི་བྱང་ཆུབ་སེམས་བསྐྱེད་ཚིག །
རྒྱུན་འདོན་ངག་བྱང་ཤོར་བའི་ཁ་ཏོན་སྐབས། །
འགྲོ་དྲུག་སྡུག་བསྔལ་དམིགས་པའི་བློ་གཡེང་ན། །
ལན་བརྒྱར་བསགས་ཀྱང་སེམས་བསྐྱེད་གོལ་ས་ཡིན། །
༣༽
གཞན་ཕན་ལས་ཀྱང་སངས་རྒྱས་གོ་འཕང་དེ། །
གཙོ་བོར་བཟུང་ནས་ཉམས་སུ་ལེན་པ་ནི། །
འགྲོ་བའི་བདེ་དོན་གཙོ་བོ་མིན་པའི་ཕྱིར། །
བྱང་ཆུབ་སེམས་ཀྱི་གོལ་ས་འདི་ལ་གཟོབས། །
༤༽
སྦྱོར་བ་སེམས་བསྐྱེད་གལ་ཆེན་མི་རྩི་བར། །
དངོས་གཞི་མཆོག་ཏུ་འཛིན་པའི་ཉམས་ལེན་དག །
ཐེག་ཆེན་ལམ་དུ་འགྲོ་བའི་ཐབས་མེད་པས། །
བྱང་ཆུབ་སེམས་ཀྱི་གོལ་ས་འདི་ལ་གཟོབས། །
༥༽
འཆི་བ་མི་རྟག་པ་ལ་བློ་འབྱོངས་ནས། །
རང་དོན་ཁེ་ལས་ཙམ་མིན་གཞན་དོན་ཡང་། །
བློ་སྣ་ཐུང་བས་འཕྲལ་དུ་མཚམས་འཇོག་པ། །
བྱང་ཆུབ་སེམས་ཀྱི་གོལ་ས་འདི་ལ་གཟོབས། །
༦༽
ལས་འབྲས་བསླུ་བ་མེད་པའི་ངེས་ཤེས་ཀྱིས། །
རང་ཉིད་ངན་འགྲོར་ལྟུང་བའི་དངངས་སྐྲག་དེ། །
སྡུག་བསྔལ་འབྲལ་འདོད་སྙིང་རྗེའི་བློ་མིན་པས། །
བྱང་ཆུབ་སེམས་ཀྱི་གོལ་ས་འདི་ལ་གཟོབས།།
༧༽
ཚེ་འདིར་ཞེན་པ་ཆོས་པ་མིན་བསམས་ནས། །
བྱས་ཚད་ཐམས་ཅད་ཕྱི་མར་བཅོལ་བ་ནི། །
ཚེ་འདི་བློས་བཏང་ཕྱི་མ་མ་ཐོངས་པས། །
ཆོས་དེ་བྱང་ཆུབ་སེམས་ཀྱི་གོལ་ས་ཡིན། །
༨༽
དངོས་སུ་ལག་བསྟར་བྱེད་ལ་འཚེར་སྣང་གིས། །
ཁུ་སིམ་རྟོག་གྲ་མེད་པའི་སྒྲུབ་གནས་སུ། །
ལྷོད་པོས་སྨོན་སེམས་ཙམ་གྱིས་ཚིམས་པ་ཡང་། །
བྱང་ཆུབ་སེམས་ཀྱི་གོལ་ས་དེ་ལ་གཟོབས།།
༩༽
ཆོས་སྤྱོད་སྒྲུབ་ཐབས་གྱེར་བའི་སྐབས་ཙམ་ལས། །
རང་གི་ཤེས་འཇོན་ལས་ཀ་གང་ཡིན་རུང་། །
སེམས་བསྐྱེད་དགོས་མེད་འཛིན་པའི་བསམ་བློ་འདི། །
བྱང་ཆུབ་སེམས་ཀྱི་གོལ་ས་ཡིན་པས་གཟོབས། །
༡༠༽
བྱང་ཆུབ་སེམས་ལ་མྱོང་བ་མ་ཐོན་པར། །
སེམས་ཉིད་ངལ་གསོའི་མཉམ་བཞག་མི་ནུས་ཕྱིར། །
བྱམས་བརྩེ་བྲལ་བའི་བདེ་གསལ་མི་རྟོག་ཀྱང་། །
བྱང་ཆུབ་སེམས་ཀྱི་གོལ་ས་ཡིན་པས་གཟོབས། །
གོལ་ས་འདི་དག་རགས་པའི་ཉོན་མོངས་མིན། །
མི་དགེ་མ་ཡིན་རང་དོན་ཡིད་བྱེད་ཀྱི། །
དགེ་བ་ཡིན་པས་མཐུན་པའི་རྐྱེན་ལྟར་སྣང་། །
དེ་ཕྱིར་ནོར་ས་མང་བས་ཆེད་དུ་བརྗོད། །
དེ་ལྟར་མི་མཐུན་ཕྱོགས་ཀྱི་གོལ་ས་བཅུ། །
སྤངས་ནས་སྐར་ཆ་གཅིག་གི་ཉམས་ལེན་ཡང་། །
གཞན་ཕན་སྙིང་རྗེའི་ལམ་དུ་འགྲོ་བའི་ཆེད། །
འཆད་འགྱུར་ཐབས་ལམ་གསུམ་ལ་ཡང་ཡང་འབོད། །
༡༽
དེ་ཡང་འཕྲལ་ཕུགས་བདེ་བའི་བྱང་ཆུབ་སེམས། །
སྡུག་བསྔལ་བྲལ་འདོད་བརྩེ་བའི་སྙིང་རྗེ་དང་། །
བདེ་བ་ལྡན་འདོད་བྱམས་པའི་བློ་ལས་འཁྲུངས། །
དེ་ཕྱིར་དང་པོ་བྱམས་དང་སྙིང་རྗེ་ཚོལ། །
༢༽
བྱམས་དང་སྙིང་རྗེའི་བློ་ཡང་སེམས་ཅན་གཞན། །
སྐྱིད་སྡུག་ཚོར་བའི་བསམ་ཤེས་བློ་ལས་སྐྱེས། །
དེ་ཕྱིར་བྱམས་བརྩེ་འཚོལ་བའི་སྐྱེས་བུ་དག །
གཉིས་པ་བསམ་ཤེས་སྐྱེ་བའི་ཐབས་ལ་བརྩོན། །
༣༽
གཞན་གྱི་སྐྱིད་སྡུག་ཚོར་བའི་བསམ་ཤེས་ཡང་། །
བདག་གཞན་འདྲ་མཉམ་མཐོང་བའི་བློ་ལས་སྐྱེ། །
དེ་ཡང་བདག་གཞན་བརྗེ་ལ་རག་ལས་པས། །
གསུམ་པ་བདག་གཞན་བརྗེ་བ་ཡང་ཡང་སྒོམས། །
ཉམས་ལེན་འདི་ལ་ལུང་རིགས་ཁུངས་མི་དགོས། །
ཐོབ་པར་དཀའ་བའི་དབང་ཡང་མི་དགོས་ལ། །
ཟབ་དགུའི་གདམས་ངག་རྒྱབ་རྟེན་མི་དགོས་ཀྱང་། །
ཉམས་ལེན་ཀུན་གྱི་སྙིང་བཅུད་འདི་ལས་མེད། །
རྣམ་དཀར་འདིས་མཚོན་དུས་གསུམ་དགེ་བ་རྣམས། །
རང་གཞན་འདྲ་མཉམ་མཐོང་བའི་བསམ་ཤེས་ཀྱིས། །
བྱམས་དང་སྙིང་རྗེ་ངམ་ངམ་སྐྱེས་པའི་མཐུས། །
བྱང་ཆུབ་སེམས་ལ་གཞོལ་བའི་རྒྱུ་རུ་བསྔོ། །
ཞེས་པ་འདི་ནི་རང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་སུ་ལེན་པའི་སྐབས་དང་དུས་སུ་མི་མཐུན་ཕྱོགས་ཀྱི་གོལ་ས་དེ་དག་དཔལ་ལྡན་བླ་མའི་དྲིན་གྱིས་གོལ་སར་ངོ་སྤྲོད་པའི་དགའ་བ་འབུམ་གྱིས་ཕྱུག་པའི་ཚོར་བ་དེའང་བྱང་སྡོམ་གྱི་མིང་དུ་སེམས་དཔའ་སྦྱིན་པ་རྒྱ་མཚོ་སྟེ། དོལ་པོ་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས་ཀྱིས་རབ་གནས་རྣམ་འཕྱང་ཞེས་པ་ས་ཕྱིའི་རྒྱལ་དབང་ཕྱོགས་རྒྱལ་བ་དང་པོའམ་སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༢ ཚེས་ ༢༥ ནས་ཉིན་གསུམ་གྱི་བར་སེང་རྣམས་སུ་འཇར་མན་རྒྱལ་ས་ཕེ་རེང་ཕུ་ཏྲུ་ཏུར་ཡི་གེར་བཀོད་པ་དགེ་ལེགས་འབུམ་གྱི་རྒྱུ་རུ་སྤེལ།། །།
རྩོམ་ཁུངས། མཆེད་གྲོགས་ངག་དབང་ལྷུན་གྲུབ་ཀྱིས་ཁྱབ་སྤེལ་གནང་བའི་པར་ཡིག་ཅན་ཞིག་ལས་ཕབ་པའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།