རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 20 November 2020

ཀུན་མཁྱེན་ཇོ་ནང་པའི་དགོངས་རྫོགས་ལ་འདྲ་སྐུ་ང་འདྲ་མ་གླེང་ན།

རྩོམ་པ་པོ། སྤོས་ཁང་སྒྲོལ་བཟང་།
དེ་རིང་ནི་བོད་ཟླ་བཅུ་པའི་ཚེས་དྲུག་རེད། ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་དགོངས་རྫོགས་ཀྱི་དུས་མཆོད་རེད། དེས་ན་ཁོང་གི་འདྲ་སྐུ་ང་འདྲ་མ་རྩ་ཆེན་དེའི་སྐོར་རགས་ཙམ་གླེང་ན། དེ་ཡང་རང་རེ་ནང་བསྟན་པའི་ལོ་རྒྱུས་སྟེང་བླ་མའི་སྐུ་འདྲ་བཞེངས་པའི་ལུགས་སྲོལ་ཡོད་ལ་བླ་མ་ཞལ་བཞུགས་པའི་དུས་ལ་བཞེངས་པའི་སྐུ་འདྲར་དེ་བས་དད་མོས་ཆེ་བ་བྱེད་ཀྱིན་ཡོད། དཔེར་ན་ཁ་ཆེ་པཎ་ཆེན་གྱི་འདྲ་སྐུ་དང་རྗེ་བླ་མའི་འདྲ་སྐུ་རྡོ་ཁ་མ་སོགས། དེས་ན་ཇོ་ནང་ཀུན་མཁྱེན་དོལ་པོ་པའི་འདྲ་སྐུ་ཐོག་མ་འདི་གང་དང་གང་དུ་བཞུགས་ཡོད་མེད་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་ན། བོད་ཡུལ་གྱི་ལྷ་ཁང་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར་བ་ར་ས་འཕྲུལ་སྣང་གཙུག་ལག་ཁང་ངམ་ཡོངས་མིང་ལ་ལྷ་སའི་གཙུག་ལག་ཁང་ངམ་མདོ་སྨད་ཚོས་འབོད་པའི་ཇོ་ཁང་ཞེས་པར་བཞུགས་ཡོད།

ནམ་བཞེངས་པ་དང་བཞེངས་པ་པོ་སུ་ཡིན་ནམ་ཞུ་ན། ཡོངས་སུ་གྲགས་པའི་ཇོ་ནང་ཀུན་མཁྱེན་དོལ་པོ་བའི་ཐུགས་སྲས་བཅུ་གསུམ་ལས་ཆོས་རྗེ་རིན་ཚུལ་བ་ཡིན། ཁོང་ནི་ཇོ་ནང་ཆོས་འབྱུང་ལས་༡༢༩༧མེ་མོ་བྱ་ལོར་ཡུལ་བྱ་རྗིང་དུ་སྐུ་འཁྲུངས་ཞེས་དང་ཆག་ལོའི་དུས་རྟོགས་ལས་སྤྱི་ལོ་ ༡༣༠༣ ལོར་ཡུལ་ཚ་རག་དབུས་སྡེའི་ཁང་གསར་དུ། ཡབ་དབོན་དོན་ཡོད་བཟང་པོ་དང་ཡུམ་བྱང་ཆུབ་ལྡན་གྱི་སྲས་སུ་འཁྲུངས།  ཞེས་གསལ། མཚན་གཞོན་ནུ་བཟང་པོར་བཏགས། དགུང་ལོ་བརྒྱད་ནས་བསྟན་པ་ལ་ཞུགས། བཅུ་གསུམ་ལ་ཆུ་བཟང་དགོན་པར་མཁན་ཆེན་སེང་གེ་རིན་ཆེན་དང་སློབ་དཔོན་རིན་བསམ་པ་ལས་རབ་ཏུ་བྱུང་། མཚན་རིན་ཆེན་ཚུལ་ཁྲིམས་སུ་གསོལ། ལྷུན་གྲུབ་སྒང་དུ་བླ་མ་སེང་གེ་དཔལ་ལ་གུར་བརྟག་སཾ་གསུམ་གསན།  སློབ་དཔོན་རིན་བཀྲས་ལས་ཕར་ཕྱིན་གསན། བཅོ་བརྒྱད་པ་ལ་མཁན་ཆེན་སངས་རྒྱས་གཞོན་ནུ་བ་དང་ལས་སློབ་དར་མ་བཟང་པོ།  གསང་སྟོན་པ་རིན་བཀྲས་པས་མཛད་དེ་བསྙེན་པར་རྫོགས། བུ་སྟོན་རིན་པོ་ཆེའི་དྲུང་དུ་ཕར་མངོན་དང་སྤྱོད་འཇུག་ཡོ་ག་སོགས་གསན།

དེ་ནས་ཡར་ཀླུངས་ལྷུང་མོར་ཆོས་དཔལ་མགོན་པོའི་དྲུང་དུ་དུས་འཁོར་གྱི་དབང་དང་སྦྱོར་དྲུག་གསན་ཏེ་བསྒོམས་པས་ལུས་ངག་གི་ཉམས་རྡོལ། མྱང་སྟོད་དུ་ལ་སྟོད་པ་དབང་རྒྱལ་ལས་སྦྱོར་དྲུག་རྫོགས་པར་གསན་པས་རྟོགས་པ་འཁྲུངས། ཤངས་སུ་བླ་མ་རིན་སེང་བ་ལས་ལམ་འབྲས་གསན།  དེ་ནས་བཟང་ལྡན་དུ་ཀུན་མཁྱེན་ཆེན་པོ་རྒྱུད་འགྲེལ་གསུང་བའི་དྲུང་དུ་བྱོན་པས། ཨེ་ཝཾ་གཟུངས་སྒྲུབ་ཀྱི་སྐབས་སུ་ཕེབས། དེ་ཉིན་ནས་བཤད་པའི་འཕྲོ་ལ་ཞུགས་ཆོག་པ་བྱུང་། རྣམ་ཐར་གཞན་ན་རྗེ་རང་བྱུང་པས་ལུང་བསྟན་ལྟར་ཇོ་ནང་ཀུན་མཁྱེན་ལ་མཇལ་ཟེར། དབང་བརྒྱུད་མན་ངག་དང་བྱམས་ཆོས་སོགས་མང་དུ་གསན་ཅིང་དཔྱིས་ཕྱིན་པར་མཁྱེན། ལོ་ཙཱ་བ་བློ་གྲོས་དཔལ་དང་ས་བཟང་པཎ་ཆེན། ཀུན་སྤངས་ཆོས་གྲགས་དཔལ་ལས་ཆོས་མང་དུ་ཞུས། སྒྲུབ་པར་རྩེ་གཅིག་ཏུ་གཞོལ་ནས་གྲུབ་ཆེན་མན་ལུང་བ་ལྟ་བུ་ཞིག་མཛད་དགོས་དགོངས་ཀྱང་ཀུན་མཁྱེན་ཆེན་པོས་ངེས་དོན་གྱི་ཆོས་སྟོན་པ་གཙོ་བོར་འདོན་པ་ཞུ་གསུངས་པར་བརྟེན་ནས། རིས་མེད་སློབ་མའི་ཚོགས་ལ་ཆོས་ཆར་ཕབ།  གཉལ་ཕྱོགས་སུ་ཡང་འགྲོ་དོན་མང་དུ་མཛད།

ཕྱིས་ཡར་ཀླུངས་སུ་བཞུགས་དུས་གཡའ་བཟང་ཁྲི་དཔོན་ཚུལ་འབུམ་འོད་འདས་པའི་གཏམ་གསན་པས་ཁོང་ལ་རེ་ས་ང་མ་གཏོགས་མེད་གསུངས་ནསདེ་མ་ཐག་ཐུགས་དམ་ཟབ་མོས་རྗེས་སུ་བཟུང་། དེ་ནས་མཁན་ཆེན་བསོད་ནམས་འོད་ཟེར་བས་སྟོད་ལུང་གཏེར་མཛོད་དུ་གདན་དྲངས་ནས་བྱི་རྫིང་ཚོགས་པའི་མཁན་པོར་མངའ་གསོལ་ཞུས། ལོ་གཅིག་ཚོགས་བསྐྱངས་ནས་མཁན་ཆེན་བསོད་ཤེ་བ་གདན་སར་བསྐོས་ཏེ་ད་ར་ཁ་ཆེ་བ་སངས་རྒྱས་འོད་ཟེར་གྱིས་དཀྱིལ་འཁོར་སྡིངས་ཀྱི་དབེན་གནས་བཏབ་ནས་ཕུལ་བས་གཙོ་བོར་བཞུགས། རྣམ་ཐར་གཞན་ན་དགུང་ལོ་ང་བརྒྱད་དུ་མཁན་ནོར་བཟང་གིས་སྟོད་ལུང་རྣམ་རྒྱལ་དགོན་ཕུལ་ནས་དེར་རྟེན་གསུམ་བཞེངས།  དེང་རྣམ་རྒྱལ་གསེར་ཁང་མིན་ནམ་སྙམ། གུང་ཐང་དུ་སྦྱོར་དྲུག་གསུངས། ཕར་ཚད་ཀྱི་འགྲོ་གླེང་མཛད།

སླར་རྣམ་རྒྱལ་དགོན་དུ་རྒྱུད་འགྲེལ་སོགས་གསུངས་ཤིང༌། ཚོགས་གཉིས་ལམ་འཇུག་གི་བཤད་པ་ཆེ་ཆུང་སོགས་ཀྱང་མཛད། ཀུན་མཁྱེན་ཆེན་པོ་དབུས་ཕྱོགས་སུ་གདན་དྲངས། ལྷ་སར་དེའི་སྐུ་བཞེངས། ཞེས་དང་། ཇོ་ནང་ཆོས་འབྱུང་དང་སྐྱེས་རབས་ཁྱད་འཕགས་ལས།  ཆོས་རྗེར་གོང་མའི་གསེར་ཡིག་པས་གདན་འདྲེན་སྐབས་ལྷ་སའི་ཇོ་ཁང་དུ་ཆོས་རྗེའི་སྐུ་འདྲ་རིན་ཚུལ་བས་བཞེངས། ཆོས་རྗེས་རབ་གནས་མཛད་ཅེས་དང་། རྣམ་ཐར་བདེ་ཆེན་གསལ་སྒྲོན་ལས་ཀྱང་། རིན་ཚུལ་བས་བཞེངས་ཆོས་རྗེས་རབ་གནས་མཛད། །ཅེས་གསལ། མཐར་དགུང་ལོ་དོན་གཉིས་སྤྱི་ལོ་ ༡༣༦༨ ལོའི་ས་སྤྲེལ་ལྔ་པའི་བཅུ་དྲུག་ལ་བདེ་བ་ཅན་དུ་གཤེགས་སོ། །སློབ་མ་ཡང་ཞོ་ལུང་མཚོ་ཁ་པ་ཡོན་ཏན་འཕེལ་དང་གཉལ་བ་དཔལ་ལྡན་འོད། རྟོགས་ལྡན་ཡེ་རྒྱལ་བ། འཁྲུལ་ཞིག་པ། ཆག་ལོའི་བླ་མ་དུས་འཁོར་ཞབས་སོགས་ཡོད།
རྩ་ཆེའི་འདྲ་སྐུ་འདི་ནིཀུན་མཁྱེན་དགུང་གྲངས་ང་དགུ་སྤྱི་ལོ་ ༡༣༢༩ ལོར་རིན་ཚུལ་བས་ཆོས་རྗེའི་སྐུ་ཚད་དང་ཞལ་དབྱིབས་སོགས་ཇི་ལྟ་བ་བཞིན་བཞེངས། ཞེས་དང་ཆག་ལོའི་དུས་འཁོར་རྟོགས་བརྗོད་ལས། སྤྱི་ལོ་ ༡༣༦༡ ལ་ཀུན་མཁྱེན་དགུང་གྲངས་བདུན་ཅུའི་ལོ་སྟོད་ལ་བཞེངས་པའི་སྐོར་གསལ་ཡོད། ཀུན་མཁྱེན་པས་རབ་གནས་མཛད། དགུང་གྲངས་ང་དགུར་བརྩིས་ན་ད་བར་ལོ་ངོ་དྲུག་བརྒྱ་དང་རེ་བརྒྱད་སོང་། དེའི་དུས་ལ་ཇོ་ཁང་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འབའ་ཞིག་ལས་བོད་ཀྱི་བླ་མའི་སྐུ་འདྲ་མེད་ཅེས་གྲགས། དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འདྲ་སྐུ་ཡང་ཇོ་ནང་རྗེ་བཙུན་སྐབས་བཞེངས་པ་རྗེ་བཙུན་གྱི་རང་རྣམ་དུ་གསལ།

ཇོ་ནང་ཀུན་མཁྱེན་དང་དུས་མཉམ་པའི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་ཐུན་མིན་རྩ་བའི་བླ་མ། རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དང་སྤོས་ཁང་དགོན་བཏབ་པ་པོ། སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་༡༣༤༨-༡༤༣༠པའི་སྦྱོར་དྲུག་སྒོམ་དུས་འོད་གསལ་ལ་ཇོ་ཁང་གི་སྐུ་འདྲ་འདིས་བྱིན་རླབས་ཀྱི་ཉམས་བྱུང་ཚུལ་རང་རྣམ་དུ་གསལ་བ་དང་། འཇམ་དབྱངས་དཀོན་མཆོག་བཟང་པོའི་རྣམ་ཐར་ལས་ཀྱང་ཇོ་ནང་ཀུན་མཁྱེན་གྱི་འདྲ་སྐུ་མཇལ་བས་བྱིན་རླབས་ཀྱི་དགེ་མཚན་བྱུང་ཚུལ་གསལ། ཕྱིས་སུ་ཇོ་ནང་ཏཱ་ར་ནཱ་ཐ་དགུང་གྲངས་སོ་དྲུག་པར་ལྷ་སའི་ཇོ་ཁང་མཇལ་དུས་ཀུན་མཁྱེན་ཆེན་པོའི་སྐུ་འདྲར་གསེར་ཆབ་ཀྱིས་མཚོན་བསྙེན་བཀུར་ཚོགས་མཆོད་དཔག་ཏུ་མེད་པ་ཕུལ་སྐབས་ཞལ་གཟིགས་ལུང་བསྟན་བྱུང་ཚུལ་དང་། ཐེག་པ་མཐའ་དག་ལ་མཁས་ཤིང་གཞན་སྟོང་དབུ་མའི་ལྟ་བ་འབྲལ་མེད་དུ་སྐྱོང་བར་གྱུར་ཅིག  ཅེས་པའི་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་ཞེས་པ་ཡང་དེ་དུས་མཛད་འདུག་ལ། 

སོག་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་རྣམ་ཐར་དུ་ཡང་སྙན་ཤལ་སོགས་ཕུལ་དུས་མཇལ་སྤྲོ་བས་རྗེས་སུ་ཡང་བརྗེད་དཀའ་བའི་བག་ཆགས་ཟབ་ཞེས་གསུངས་བ་དང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་གཙུག་ལག་ཁང་གི་གནས་བཤད་ལས་ཀྱང་ཀུན་མཁྱེན་དོལ་པོའི་འདྲ་སྐུ་བཞུགས་ཞེས་གསུངས་ཞིང་། ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས་ཕྱི་འཁྱམས་ལ་ཇོ་ནང་ཀུན་མཁྱེན་དོལ་པོ་ཞེས་གསལ་འདུག ལོ་རྒྱུས་ཡུན་རིང་ཞིང་རྩ་ཆེ་བའི་འདྲ་སྐུ་འདི་ཕྱིས་སུ་གཅིག་དགུ་གྱ་གཅིག་ལོར་བསྟན་ལ་ལྷག་བསམ་ཡངས་པའི་ཨ་མདོ་ཀུན་དགའ་མཆོག་སྤྲུལ་གྱིས་ཉམས་གསོ་དང་འབྲེལ་དེང་ཡང་ལྷ་ལྡན་གཙུག་ལག་ཁང་ན་ལྷང་ངེ་ལྷན་ནེ་ལྷམ་མེར་འགྲོ་བའི་བསོད་ནམས་ཀྱིས་ཞིང་དུ་བཞུགས་ཡོད་དོ།།
རྩོམ་ཁུངས། ཆུ་ཚང་རིག་གནས་སྤྲོ་འཛོམས་ཁང་གི་འཕྲིན་སྟེགས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།