རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 26 November 2020

རྨི་ལམ་ནང་རྩ་བའི་བླ་མ་རྡོ་གྲུབ་ཆེན་རིན་པོ་ཆེ་མཇལ་བ།

_____དོལ་པོ་ཧཱུྃ་ཏྲཱཾ་པ་སྲས་ནམ་མཁའི་རྡོ་རྗེ།
༢༠༢༠/༡༡/༢༣ 
   རབ་གནས་ལྕགས་བྱི་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅུའི་ཐོ་རངས་རྨི་ལམ་འདི་འདྲ་ཞིག་རྨིས། ང་དང་ངའི་ཨ་མ་ལགས་གཉིས་དད་ལྡན་པ་མང་པོ་ཞིག་དང་མཉམ་དུ་ཁ་ལྷོ་ནུབ་ལ་གཏད་དེ་ཆས་བཞིན་འདུག གང་འཚམ་ཞིག་ནས་བདག་ཅག་གི་རྩ་བའི་བླ་མ་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་ཕྱག་ཕྱི་བ་འགས་ཕྱག་གཡས་གཡོན་ནས་སྐྱོར་ཏེ་ཞབས་ཐང་ལ་རྒྱབ་ནས་ངེད་ཕྱོགས་སུ་ཕེབས་ཀྱིན་འདུག ཨ་མ་དང་ང་ནི་བླ་མ་མཇལ་བའི་དགའ་བས་མྱོས་པ་ལྟ་བུར་གྱུར་འདུག་ཅིང་། ལམ་སང་ཕྱག་ཕུལ། བྱིན་རླབས་ཞུས། བླ་མས་ཀྱང་ཧ་ཅང་ཐུགས་མཉེས་མཉེས་ཀྱི་རྣམ་འགྱུར་དང་བཅས་བཀའ་མོལ་གནང་ཞིང་མུ་མཐུད་ཕེབས་ཞོར་ཕྱག་གཡོན་པ་གུས་ཆུང་ལ་གཏད་པར་ངས་ཀྱང་དགའ་དད་སྤྲོ་གསུམ་གྱིས་མིག་མཆི་མ་འཁྲུག་པ་དང་བཅས་ཕྱག་ནས་བརྟེན་བཞིན་མདུན་ཕྱོགས་སུ་བསྐྱོད། སྐབས་རེ་བླ་མ་རིན་པོ་ཆེ་ངེད་རྣམས་ཀྱིས་སྐྱོར་མི་དགོས་པར་སྐུ་རྐྱང་དུ་སྟབས་བདེ་མོས་ཕེབས་མཛད། སྤྱིའི་ཆ་ནས་སྐུ་གཟུགས་བོངས་སྔར་ལས་ཅུང་ཆུང་ཞིང་དབུ་ཏོག་ཙོག་ཙམ་སྒུར་བའི་རྣམ་པ་འདུག་པས། སྐུ་ན་བགྲེས་པས་མིན་ནམ་སྙམ་པ་བྱུང་། 

  ངེད་རྣམས་བླ་མ་རིན་པོ་ཆེ་དང་འབྲལ་མེད་དུ་བསྐྱོད་བསྐྱོད་པའི་མཐར་ཤིན་ཏུ་དངས་ཤིང་གཙང་བའི་རྒྱུག་ཆུ་ཆེ་བ་ཞིག་སྨད་ནས་འཕྲེད་ལ་རྒྱུག་ཅིང་། རྒྱུག་ཆུ་ཅུང་ཆུང་བ་ཞིག་སྟོད་ནས་ཐུར་དུ་རྒྱུག་པ་ཐད་ཀར་རྒྱུག་ཆུ་ཆེ་བ་དེར་འདྲེས་འགྲོ་བ་ཞིག་དང་འཕྲད། དེར་བླ་མ་རིན་པོ་ཆེས་རྒྱུག་ཆུ་འདྲེས་མཚམས་དེར་ཕྱག་མཛུབ་བཙུག་ནས་གསུངས་དོན། “ཁྱེད་རྣམས་ཀྱིས་བལྟས་ན་འདི་ན་ཆུ་གཉིས་འདྲེས་པའི་སྤྱིར་བཏང་གི་སྣང་བ་ཙམ་ཞིག་རེད། ཡིན་ནའང་སེམས་ཅན་གྱི་ལས་སྣང་བསམ་གྱིས་མི་ཁྱབ་པའི་སྣང་བ་ཞིག་ཡིན་པའི་ཚུལ་ངས་ཁྱེད་ཚོར་གསལ་བཤད་བྱེད། དེ་ཡང་འདི་ནི་རྣམ་པ་ཆུ་རུ་སྣང་ཡང་དོན་ལ་ང་རང་ཚོ་དང་འདྲ་བའི་སེམས་ཅན་གཉིས་རེད། མ་ཚད་ཆུ་འདི་གཉིས་སྐྱེ་བ་སྔོན་མ་ཞིག་ལ་མ་བུའི་འགྲེལ་བ་ཡོད་པ་ཞིག་ཡིན། ཆུ་སྨད་མ་འདི་མའི་སྐྱེ་བ་དང་སྟོད་ནས་ཐུར་དུ་རྒྱུག་པ་དེ་བུའི་སྐྱེ་བ་ཡིན་པ་རེད། ཁྱེད་རང་ཚོས་ཡག་པོ་བྱས་ནས་ལྟོས་དང་། དེ་གཉིས་སྔོན་གྱི་མ་བུའི་འགྲེལ་བ་ཡོད་པའི་བག་ཆགས་སད་ནས་ད་ལྟ་ཆུའི་རྣམ་པ་འདི་འདྲར་ཐུག་ནའང་ཕན་ཚུན་འཕྲད་དུས་ཡུན་རིང་བྲལ་བའི་མ་བུ་གཉིས་གློ་བུར་དུ་འཕྲད་ཐུག་བྱུང་བའི་དགའ་ཚོར་གྱི་རྣམ་འགྱུར་དངོས་སུ་མཐོང་ཐུབ།” གསུངས་། དེར་ངེད་རྣམས་ཀྱིས་ཆུ་གཉིས་འདྲེས་མཚམས་དེར་དོ་དོ་ནན་ཏན་བྱས་ནས་བལྟས་པས། དངོས་གནས་ཆུ་གཉིས་འདྲེས་ས་དེར་ཆུ་བུར་མེ་ཏོག་དབྱིབས་ཅན་མང་དུ་དོད་ཅིང་། སྙན་ལ་འཇེབས་པའི་ཆུ་སྒྲ་ལས་མ་བུ་ཕན་ཚུན་དགའ་ཞིང་བརྩེ་བས་འབོད་པའི་སྐད་ལྷང་ལྷང་ཐོས་པ་ལྟ་བུ་བྱེད། ཆུ་གཉིས་མཉམ་དུ་འདྲེས་རྗེས་སྔར་ལས་གཙང་ཞིང་ཡིད་དུ་འོང་བ་ཞིག་ཏུ་གྱུར་ནས་དལ་གྱིས་འབབ་པར་བྱེད། བླ་མ་རིན་པོ་ཆེས་མུ་མཐུད་གསུངས་དོན། “སྤྱིར་ན་སེམས་ཅན་རྣམས་ཕན་ཚུན་མ་འབྲེལ་བ་མེད། ནང་ནས་ཕ་མར་མ་གྱུར་བ་སུ་ཡང་མེད། ཆུ་འདི་དང་འདྲ་བར་ང་རང་ཚོ་ཡང་སྐྱེ་བ་སྔོན་ནས་འདིར་རྒྱུག་ཅིང་། འདི་ནས་ཕྱི་མར་རྒྱུན་མཐུད་ནས་འགྲོ་བ་ཤ་སྟག་རེད། གནས་སྐབས་ཚེ་འདིར་འབྲེལ་བའི་དུས་སུ་ཐ་ན་ཆུའི་ལུས་བླངས་པའི་སེམས་ཅན་ཞིག་ཡིན་ནའང་ཕན་ཚུན་གཅིག་གིས་གཅིག་ལ་མ་དང་བུའི་འདུ་ཤེས་འདི་འདྲ་བྱེད་ཤེས་པ་ཡིན་ན། ང་རང་ཚོ་མི་ཡིན་པའི་ཆ་ནས་ཕ་མ་བུ་ཕྲུག་ཏུ་འབྲེལ་ན་སྨྲོས་ཅི་དགོས་ཏེ། མ་ཚད་སེམས་ཅན་ཐམས་ཅད་ལའང་བརྩེ་ཞིང་བྱམས་པའི་འདུ་ཤེས་ངེས་པར་དུ་འཆང་དགོས་པ་ཡིན།” གསུངས། བླ་མ་རིན་པོ་ཆེས་སྐྱེ་བ་སྔ་ཕྱིའི་ཚུལ་དེ་འདྲ་བ་མངོན་སུམ་དུ་ལྟར་ཡོད་པ་ལྟ་བུའི་ངོ་སྤྲོད་གནང་བར་ངེད་མ་བུ་གཉིས་གཙོས་དེར་འདུས་ཐམས་ཅད་དགའ་དད་སྤྲོ་བའི་ཚོར་བ་རྣོན་པོས་ལུས་སྦྲིད་པ་ལྟར་གྱུར་ཅིང་མིག་ཆུ་དབང་མེད་དུ་ཤོར་བ་བྱུང་། 

   དེ་ནས་མུ་མཐུད་སོང་སོང་བ་ལས་མཐར་ས་སྒང་ཞིག་ན་ཆོས་ཀྱི་ཁྲི་བཤམས་པ་ལ་བླ་མ་རིན་པོ་ཆེ་བཞུགས་ཞིང་དད་ལྡན་ཤིན་ཏུ་མང་པོ་འཛོམས་པ་ལ་དབང་དང་བྱིན་རླབས་ཆོས་འབྲེལ་གནང་མཐར་ཁྲི་ནས་བཞེངས་ཏེ་ཕེབས་འཕྲོར་གུས་པར་ཕྱག་གཡས་པ་གནང་། ངས་ཀྱང་ཕྱག་ནས་འཇུས་ཞིང་སྐྱོར་ནས་ཕྱག་ཕྱི་ཞུས། བླ་མ་རིན་པོ་ཆེས་ཕེབས་ཞོར་དུ་གུས་ཆུང་ལ་རྩེད་མཚར་དང་འབྲེལ་ཏེ་གསུང་ངོ་མཚར་ཅན་མང་དུ་གནང་ནའང་ཐམས་ཅད་བརྗེད་ཤོར་འདུག བླ་མས་ཀུ་རེ་དང་འབྲེལ་ཤངས་སྣ་བྲུས་ཏེ་སྣ་སྐོགས་སྐམ་པོ་ཞིག་ངའི་པུས་མོ་གཡས་ངོས་ཀྱི་ཤམ་ཐབས་ལ་ངས་མ་ཚོར་བ་བྱས་ཏེ་བསྐུས་གནང་སོང་། ངའི་བསམ་པར། ངའི་བླ་མ་ནི་གུ་རུ་རིན་པོ་ཆེ་དངོས་ཡིན་པས་བླ་མའི་ཤངས་སྣབ་ཀྱི་ཆ་ཤས་ཙམ་ཡང་ས་ལ་ལྷུང་ཤོར་ན་ཤིན་ཏུ་ཕངས་པ་ཡིན་སྙམ་ནས་ལག་པས་བླངས་ཏེ་བྱིན་རླབས་སུ་མོས་ནས་ཟས་པས། དེ་སྔོན་ནམ་ཡང་མྱང་མ་མྱོང་བའི་བྲོ་བ་ཞིམ་པོ་ཞིག་རེད། 

   གང་ལྟར་བླ་མའི་ཞལ་མཇལ་གསུང་ཐོས་དང་དམིགས་བསལ་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་བཅས་ཀྱིས་དགའ་ཚོར་སྨྲ་མི་ཤེས་པ་ལྟ་བུའི་ཚོར་བ་རྐྱེན་པོ་ཞིག་གིས་གཉིད་ལས་སད་སྐབས། ཨ་མ་ལགས་ཤིན་ཏུ་སྙན་པའི་དབྱངས་ཀྱིས་བླ་མ་རྒྱད་འབོད་ཀྱི་གསོལ་འདེབས་ལྷང་ལྷང་འདོན་བཞིན་འདུག་པ་དང་འཁེལ་བས་དགའ་སྤྲོ་ལྷག་པར་འཕེལ་བ་བཅས་དོལ་པོ་ཧཱུྂ་ཏྲཱྂ་པ་ནམ་མཁའི་རྡོ་རྗེས་བརྗེད་ཐོར་བཀོད་པའོ།།

ཡོངས་ཁུངས། སྲས་ནམ་མཁའ་རྡོ་རྗེ་མཆོག་གི་ངོ་དེབ་དྲྭ་བ་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།