རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 7 November 2020

«སྟོན་མཆོག་ཐུབ་པའི་དབང་པོ།»མགྱོགས་བྲིས་མ།

རྩོམ་པ་པོ། གངས་སེང་དཀར་མོ།

ཉི་ཟླ་སྐར་གསུམ་གཅིག་ཏུ་བསྡུས་པའི་གཟུགས།།
ཞི་བསིལ་བདུད་རྩིའི་རྒྱ་མཚོ་འཁྱིལ་བ་ཡི།།
ཕན་བདེའི་རྩ་ལག་ཆོས་ཀྱི་གདུགས་དཀར་ཅན།།
སྟོན་མཆོག་ཐུབ་དབང་བུ་རམ་ཤིང་པ་ཉིད།།

ཆུང་ཆུང་བྱིས་པའི་དུས་ནས་བརྩེ་ཞིང་བྱམས།།
ངང་ཆུང་མདའ་ཡིས་ཟིན་པ་དེ་ཡང་བསྐྱབས།།
ཞབས་པད་འཁོར་ལོས་མཚོན་པའི་རི་མོ་དེས།།
འཁྲུངས་མ་ཐག་ནས་གྲགས་པ་མངོན་དུ་རྒྱས།།

ས་འཚོ་བུ་མོའི་སྙིང་གི་ཐིག་ལེར་གྱུར།།
གཞོན་ནུའི་ཁྲོད་ན་འགྲན་པའི་ཟླ་མེད་དོ།།
སེར་སྐྱའི་གྲོང་གི་ཨུ་དམ་ཝ་ར་བཞིན།།
དྲང་སྲོང་ཚོས་ཀྱང་སྤྱི་བོའི་གཙུག་གིས་མཆོད།།

རྒྱལ་སྲིད་ལོངས་སྤྱོད་མཆིལ་མ་བཞིན་དུ་དོར།།
དབེན་པའི་ནགས་སུ་ཞི་བའི་ལམ་ཞིག་བཙལ།།
བདེན་བཞིའི་ཆོས་ཀྱི་སྒྲ་ཆེན་ཀུན་ཏུ་བསྒྲགས།།
གསེར་མདོག་ཅན་པའི་ཡོན་ཏན་སྲིད་འདིར་སྙན།།

ལྷས་བྱིན་བདུད་ཀྱི་སྒྱོགས་རྡོས་ཅང་མ་གནོད།།
མུ་སྟེགས་ཚོགས་ཀྱིས་ཀྱང་ནི་གླགས་མ་རྙེད།།
ཕྱག་ན་མཚོན་དང་རྒྱབ་ན་དཔུང་མེད་པར།།
བདུད་ཀྱི་འཇིགས་པ་ལས་ཀྱང་ཐར་པར་གྱུར།།

ཞབས་ལ་ལྷམ་ཡང་མེད་པའི་སློང་མོའི་ཚུལ།།
འདོད་ཆུང་ཆོག་ཤེས་ཉིད་ལས་ངོམ་མ་གྱུར།།
ཆགས་པའི་ཟུར་མིག་གིས་ཀྱང་མ་ཐུབ་པའི།།
རྡོ་རྗེ་གདན་གྱི་སྟོན་པ་ཁྱེད་གཅིག་ཙམ།།

དཀའ་ཐུབ་དང་ནི་བསམ་གཏན་ཁོ་ན་ཡིས།།
གྲོལ་བར་མ་གཟིགས་ཤེས་རབ་དོན་ལ་བྱོན།།
ཟབ་ཞི་རྡུལ་བྲལ་འོད་གསལ་ཆོས་ཀྱི་དབྱིངས།།
མངོན་དུ་མཛད་པས་ས་ཡང་དྲུག་ཏུ་གཡོས།།

གཞན་གྱི་ལུགས་ལ་སྡང་ཟུག་མ་ཡིན་ཡང་།།
རྟེན་འབྱུང་གཏམ་གྱི་སྒོ་ཆེན་ཁྱེད་ཀྱིས་ཕྱེས།།
མཐུ་དང་རྫུ་འཕྲུལ་ཅི་ཡང་མ་བསྟན་པར།།
བཀའ་གསུང་གསེར་དུ་གྱུར་པ་འདི་རེ་རྨད།།

རིགས་མེད་རིས་མེད་འགྲོ་བའི་དོན་མཛད་པའི།།
སྟོན་པ་དེ་ཡང་ཁྱེད་ལས་གཞན་མ་མཆིས།།
ཆོས་གོས་སེར་པོའི་འོད་ཟེར་འདི་གཅིག་ཀྱང་།།
འཇིག་རྟེན་འདི་ན་ད་དུང་འོད་དུ་འབར།།

༢༠༢༠/༡༡/༧


རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།