རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 4 December 2020

གཟིགས་པ་བརྒྱད་ལྡན་གྱི་སྟོན་མཆོག་ཐུབ་དབང་ལ་བསྔགས་པ།

རྩོམ་པ་པོ། དོལ་པོ་པ་སློབ་དཔོན་ཨོ་རྒྱན་དོན་གྲུབ།
 ༈ འཁོར་བ་མེ་ཡི་འོབས་སུ་གཟིགས། །
འདོད་ཡོན་ལྗན་ལྗིན་ཕུང་པོར་གཟིགས། །
རྒྱལ་སྲིད་རྩོད་པའི་རྒྱུ་རུ་གཟིགས། །
ཆོས་བརྒྱད་གཡོ་རྒྱུའི་ཐབས་སུ་གཟིགས། །

ཚངས་སྤྱོད་བདེ་བའི་མཆོག་ཏུ་གཟིགས། །
བསོད་སྙོམས་དག་པའི་འཚོ་བར་གཟིགས། །
གཞན་ཕན་རྣམ་དཀར་ལས་སུ་གཟིགས། །
རྟེན་འབྱུང་དངོས་པོའི་གཤིས་སུ་གཟིགས། །

གཟིགས་པ་བརྒྱད་ལྡན་འགྲོ་བའི་སྐྱབས། །
སྐྱབས་ཀྱི་དམ་པ་གང་དེར་འདུད། །
ཞི་བསིལ་བྱམས་པའི་འོད་དཀར་གྱིས། །
ཀུན་ཉོན་མུན་པ་བཅིལ་བར་མཛོད། །

འཆིང་བ་ཀུན་ལྡན་བདག་འདྲ་བ། །
ཁྱོད་ཀྱི་གྲགས་པ་ཁོ་ན་ཡི། །
རྗེས་སུ་འགྲོ་ལྡོག་འབའ་ཞིག་ལས། །
ཁྱོད་ཚུལ་བློ་ལས་རིང་དུ་འགོངས། །

རྣམ་བཅས་གཟུགས་སྐུའི་ཆ་ཙམ་ཡང་། །
རྣམ་མེད་ཆོས་སྐུ་ཉག་གཅིག་ཕྱིར། །
རྒྱུན་གྱི་མཐའ་ལ་སྤྱོད་པས་ཀྱང་། །
གཏིང་དཔག་དཀའ་བའི་ཆོས་ཅན་ཉིད། །

ཚིག་གིས་མཚོན་མིན་གསང་བ་གསུམ། །
ཚིག་ཏུ་བརྗོད་ལ་ངལ་བ་ནི། །
དམིགས་བུ་སྤངས་པའི་གཉིས་སྐྱེས་ཁྱུས། །
ནམ་མཁའི་མཐའ་འཚོལ་ཇི་བཞིན་ནོ། །

མི་ལྡོམ་ཨོ་དོན་པས་སོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།