རྩོམ་པ་པོ། དོལ་པོ་ཉི་བསམ། (སེར་བྱེས་སློབ་གྲྭ།)
ངུར་སྨྲིག་གསར་པའི་འོད་ཀྱི་ཟེགས་མའི་
ཁད་ནས་ལྡང་བའི་ངལ་སེལ་རླུང་།།
མཐོན་མཐིང་མཁའ་ཡི་དབྱིངས་ནས་བྱམས་དང་
བརྩེ་བའི་འདབ་ཟུང་དེས།།
ས་ཡི་གོ་ལའི་ཁྱོན་དུ་འཕུར་ཏེ་
ཕྱོགས་མཐར་ཕྱག་ཟུང་བཏེགས་ནས་ནི།།
མི་རིགས་མི་གཅིག་ཁྲི་མ་འབུམ་གྱི་
དམར་སེར་ན་བཟས་བཀླུབས་པའི་ལོ་རབས་
སྟོང་གི་སྐུ་ཡི་ཕྲེང་བ་འདི།།
ཉམས་མེད་བརྗིད་པའི་ལྷུན་གྱིས་གྲུབ་པའི་
གཡུང་དྲུང་རི་བོ་རང་བྱོན་བཞིན།།
མཐོ་བོ་མཐོན་མཐིང་དབྱིངས་ནས་གསེར་མདོག་
ཉི་མ་སེར་པོའི་ངང་ཚུལ་བཞིན།།
དམའ་བོ་རྒྱ་མཚོའི་གཏིང་ལྟར་ཟབ་ཡངས་
མཁྱེན་པའི་མངའ་བདག་མི་བོ་ཆེ།།
ལོ་རྒྱུས་སྟོང་ནས་བཞུར་བའི་གཙང་པོའི་
རླབས་སྒྲའི་མདུད་པ་གསུང་དབྱངས་དེ།།
མི་རབས་མང་པོའི་བར་གྱི་རྣ་བར་
འཇེབས་པའི་བདེ་བའི་དབྱངས་སྙན་ཞིག།
ད་བར་རྒོལ་ངན་དགྲ་བོ་མ་རུང་
རལ་གྲི་རྩེ་མོས་གྲོལ་ཐབས་མེད།།
དེ་ནི་རྒྱུན་བཟང་བདུད་རྩི་བསྙིལ་བའི་
དགྲ་བོར་འཇོམ་པའི་གསུང་སྙན་ཡིན།།
མཁྱེན་རབ་མཁའ་ཡི་ཕ་མཐར་གཞལ་ཐབས་
དབེན་པའི་ཐུགས་བསྐྱེད་ཡངས་མོ་དེར།།
འགྲོ་ལ་མ་ལྟར་བརྩེ་བས་ཕྱུག་པའི་
འོད་ཀྱི་རླབས་ཕྲེང་དཀར་པོ་ཉི་མ་ཡོད།།
ཉི་མ་ལྟ་བུའི་ཁྱེད་ཀྱི་སེམས་པ་
རེ་འགའ་ཕྱོགས་ལྷུང་མེད་པ་དེ།།
རབ་གསལ་ཐུགས་དཀར་ས་གཞི་ཡོངས་ལ་
འཕྲོ་བའི་ཁྱེད་ཀྱི་ཐུགས་བསྐྱེད་ཡིན།།
༢༠༢༠/༠༧/༠༥
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།