རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 20 December 2020

འཛམ་གླིང་ཞི་བདེར་སྨན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།

དིལླཱི་བོད་ཁང་ནས་གཉེར་བའི་«༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་ལོ་»ཞེས་འདི་ལོར་སྲུང་བརྩི་ཞུ་རྒྱུའི་ཆེད། རྒྱལ་ཡོངས་བཙན་བྱོལ་བོད་པའི་སློབ་གྲྭ་ཡོངས་ནས་«འཛམ་གླིང་ཞི་བདེར་སྨན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་»ཅེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་འགྲན་སྡུར་ཁྲོད་རྩེ་ཕུད་ཨང་དང་པོར་སོན་པའི་རྩོམ་ཡིག 

 
རྩོམ་པ་པོ། དོལ་པོ་ཉི་བསམ་མམ་ངག་དབང་བསམ་གྲུབ། (སེར་བྱེས་སློབ་གྲྭ།)
འགྲོ་བ་ཡོངས་ལ་བུ་གཅིག་ལྟར་དགོངས་པའི།།
འགྲོ་བའི་མུན་སེལ་བྱམས་བརྩེའི་བདག་ཉིད་ཅན།།
འགྲོ་ལ་འཚེ་མེད་ཞི་བདེ་ལེགས་སྩོལ་བའི།།
འགྲོ་བའི་མགོན་པོ་༸རྒྱལ་མཆོག་བཅུ་བཞིར་འདུད།།

བརྡ་ཆད་གཙོ་བོ། ཆོས་ལུགས་ལ་མ་བརྟེན་པ། བཟང་སྤྱོད།

སྔོན་གླེང་།

དེ་ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ནི། གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་གཙོ་བོའམ་ཡ་གྱལ་ཞིག་སྟེ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་རིགས་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཞེས་པ་དེའི་ཆ་ཤས་གལ་ཆེན་ཞིག་ཡིན། ད་ལྟའི་ཆར་འཛམ་གླིང་འདིའི་ནང་ལ་ནང་ཆོས་ལ་དད་མོས་བྱེད་མཁན་དང་མི་བྱེད་མཁན་གྱི་བར་ཆེས་མི་མཐུན་པའི་ནང་སེམས་ཀྱི་དཀའ་ངལ་སེལ་ཐབས་དང་། འཛམ་གླིང་ཞི་བདེའི་ཐོག་ནས་མི་རིགས་ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན། མ་འོངས་པའི་མི་རབས་རྣམས་ཀྱི་དགེ་མཚན་ལའང་གཞིགས་ཏེ་༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོར་ཐུགས་བསྐྱེད་ནས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐབས་ལམ་ཞིག ཉི་མའི་འོད་ཟེར་ལྟར་གོ་ལ་ཡོངས་སུ་ཁྱབ་སྤེལ་གནང་དང་གནང་མུས་སུ་ཡོད། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་དང་རྒྱ་གར་སོགས་སུ་གོང་གི་བརྗོད་གཞི་དེར། སྔར་ལས་ལྷག་པའི་གླེང་སློང་དང་བགྲོ་གླེང་ཤུགས་ཆེར་བྱེད་བཞིན་ཡོད་ལ། ནུབ་ཕྱོགས་དང་རྒྱ་གར་སོགས་ཀྱི་སློབ་གྲྭའི་སློབ་ཚན་གལ་ཆེན་ཞིག་ཏུའང་གྱུར་ཡོད།  དེར་བརྟེན་ངས་ཀྱང་༸མགོན་པོ་གང་ཉིད་ཀྱིས་མཛད་པའི་བརྗོད་གཞི་དེའི་ཐོག་སྔར་ལས་ལྷག་ཅིག་ཐོས་རྒྱ་དང་མཐོང་རྒྱ་ཇེ་ཆེར་ཡོང་སླད་རང་ངོས་ནས་འབད་བརྩོན་ལྷད་མེད་ངང་གཤམ་དུ་ཚན་པ་གསུམ་དུ་ཕྱེས་ནས་མདོར་ཙམ་ཞིག་དཔྱད་པར་བྱ།

 
དང་པོ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱུང་རིམ།

ད་ལྟའི་ཆར་འཛམ་གླིང་ཤར་ནུབ་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་བརྗོད་བྱ་གསར་པ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་གྲགས་བཞིན་ཡོད་ལ། དེ་ནི་ཤེས་ལྡན་མི་སྣ་ཚོས་ཆེས་དགའ་མོས་བྱེད་སའི་གླེང་གཞི་ཞིག་ཀྱང་ཡིན། དེ་ཡང་མགོན་པོ་གང་ཉིད་ཀྱི་དགོངས་པར་གང་དྲན་ཅི་དྲན་ངང་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་ནང་སྙིང་མེད་པར་རང་སྣང་གང་ཤར་གྱིས་རྟོག་པས་བཏགས་པ་ཞིག་མ་ཡིན་པར། གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྲིམས་ལུགས་གཉིས་སུ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགེ་མཚན་དང་ཕན་ཡོན་སོགས་ཀྱི་ལེགས་ཆ་མང་པོ་ཞིག་ལ་གཞིགས་ནས་ད་གཟོད་ངོས་འཛིན་བྱས་པ་རེད། གཞན་ཡང་མགོན་པོ་གང་ཉིད་ཀྱིས་ཆོས་དང་མ་འབྲེལ་བའི་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་པ་ཞེས་པའི་བརྗོད་གཞི་ཞིག་ཏུ་བཀའ་མོལ་གནང་སྐབས།འདི་ནི་ངོས་ཀྱིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་བརྗོད་པའི་གཞི་རྟེན་ཡིན། མི་འགའ་ཞིག་དང་ལྷག་པར་དུ་ཡེ་ཤུ་དང་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཁ་ཤས་ལ་ངོས་ནས་བེད་སྤྱོད་བྱེད་པའི་ཐ་སྙད་ཆོས་དང་མ་འབྲེལ་བ་ཞེས་པ་དེས་དཀའ་ངལ་བཟོ་གི་ཡོད་པ་ངས་ཤེས་ཀྱི་ཡོད། འགའ་ཞིག་གི་ངོར། ཚིག་དེ་ག་རང་གིས་ཆོས་ཁས་མི་ལེན་པའམ་ཡང་ན་དེ་བས་ཆོས་ལ་སྡང་འཛིན་བྱེད་པ་སྟོན་ཞིང་། ཁོང་ཚོའི་བསམ་པར་ཚིག་དེ་བེད་སྤྱོད་བྱེད་པས། བཟང་སྤྱོད་ཀྱི་རྣམ་གཞག་དང་མི་མང་གི་འཚོ་བའི་གནས་སྟངས་ཀུན་གྱི་ཁྲོད་ནས་ཆོས་ལུགས་ཟུར་འདོན་བྱེད་པར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མཐོང་ཤེས་ཆེ། དེ་ནི་ངོས་ཀྱི་སེམས་ནང་གང་ཡོད་པ་དེ་རྩ་བ་ནས་མ་ཡིན། དེ་ལས་ལྡོག་སྟེ། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདིའི་ཐད་ངོས་ཀྱི་གོ་རྟོགས་ནི་རྒྱ་གར་ནང་ཡོངས་གྲགས་སུ་བེད་སྤྱོད་བྱེད་སྟངས་དེ་ལས་བྱུང་བ་ཞིག་ཡིན།[1] ཞེས་གསུངས་ཡོད། མགོན་པོ་གང་ཉིད་ཀྱི་གསུང་དེ་ལ་བརྟེན་ནས་ང་ཚོས་ཤེས་དགོས་པའི་གནད་དོན་ཞིག་ནི། སྤྱིར་ཆོས་ལུགས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདི་གནའ་བོའི་རྒྱ་གར་གྱི་དམིགས་བསལ་ལོ་རྒྱུས་དང་རིག་གཞུང་གི་རྒྱབ་ལྗོངས་ལ་བརྟེན་ནས་བྱུང་བ་ཡོངས་གྲགས་རེད། དེ་བཞིན་རྒྱ་གར་ནང་ཆོས་དང་མ་འབྲེལ་བའི་རིང་ལུགས་ཡང་མང་པོ་ཞིག་ཡོད་པ་རེད། དཔེར་ན། ཆོས་དང་མ་འབྲེལ་བའི་རྩ་ཁྲིམས། ཆོས་དང་མ་འབྲེལ་བའི་མང་གཙོ་སོགས། ད་དུང་དེའི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ཡོད་པ་རེད་ལ། དེ་ལ་དམིགས་བསལ་གྱིས་༸གོང་ས་མཆོག་གིས་ཐུགས་མཉེས་པོ་ཞིག་གནང་དོན་ཡང་ཡོད། འོན་ཀྱང་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ཞིག་བྱུང་མྱོང་མེད་པ་འདྲ། ཕྱིས་སུ་༸གོང་ས་མཆོག་གིས་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་སྤྱི་ཚོགས་ནང་གི་རྒྱ་གར་གྱི་མཁས་པ་མང་པོ་ཞིག་དང་མཉམ་དུ་བགྲོ་གླེང་དང་གླེང་སློང་མང་པོ་ཞིག་གནང་ཡོད་ཅིང་། ༸མགོན་པོ་གང་ཉིད་ཀྱིས་ཀྱང་རྒྱ་གར་ནང་ཆོས་དང་མ་འབྲེལ་བའི་རིང་ལུགས་ཞེས་པ་དེའི་ཐད་ནས་ཤེས་ཡོན་གྱི་བདུད་རྩི་མང་པོ་ཞིག་བླངས་མྱོང་ཞིང་། ཁོང་གིས་"དེས་ན་ངོས་ལ་མཚོན་ན། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་དེར་འཇིགས་སྣང་མེད། དེ་ལས་ལྡོག་སྟེ་རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་རྩ་ཁྲིམས་སྲོལ་གཏོད་བྱེད་པོ་ཌོག་ཊར་སྦེཊ་ཨར་ཨམ་སྦེཊ་ཀར་(Dr. B.R Ambedkar)དང་ཌོག་ཊར་རཱ་ཇེནྡྲ་པྲ་སཱ་ད་(Dr. Rajendra Prasad)ལྟ་བུའི་མི་སྣ་རྣམས་ལ་ངོས་ནས་གུས་བརྩི་ཞུ་ཞིང་། ཁོང་རྣམས་ཀྱིས་ཆོས་དང་མ་འབྲེལ་བའི་རིང་ལུགས་གོང་མཐོར་གཏོང་བའི་དམིགས་ཡུལ་ཡང་ཆོས་ལུགས་མེད་པ་བཟོ་ཕྱིར་མ་ཡིན་པར། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ལུགས་མཐུན་གྱི་སྒོ་ནས་ངོས་འཛིན་བྱ་ཕྱིར་ཡིན།"[2] ཞེས་གསུངས་ཡོད། དེར་བརྟེན་༸མགོན་པོ་གང་ཉིད་ཀྱིས་ཐུགས་བསྐྱེད་རྒྱ་མཚོ་ལས་ཆེ་བར་དགོངས་ཏེ་རང་མི་རིགས་ཀྱི་དོན་དུ་ཙམ་མིན་པར། འགྲོ་བ་མིའི་རིགས་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་ཕྱོགས་ལྷུང་མེད་པ་དང་། དེ་ལས་ལྡོག་སྟེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་རླབས་ཆེ་བའི་ལས་རིམ་ཞིག་སྤེལ་དོན་དེའང་དེ་ཡིན། ད་དུང་ཁོང་གིས། "ཆོས་ལུགས་ཚང་མའི་སོ་སོའི་ཆོས་ལུགས་ཀྱི་དད་པ་དང་ཡིད་ཆེས་སོགས་གནས་པའི་ཐོག་ནས། ཆོས་ལུགས་ཁག་ཕན་ཚུན་བར་མཐུན་སྒྲིལ་གཏོང་ཐབས་དང་། གཞན་ཡང་ཆོས་ལ་དད་པ་མེད་མཁན་ཚོ་ཡིན་ན་ཡང་ཆོས་དད་མེད་པའི་རྒྱུ་མཚན་གྱིས་བཟང་སྤྱོད་མི་དགོས་པ་དང་མེད་པ་མ་ཡིན་པ་བཅས་ལ་དགོངས་ཏེ། ཚང་མའི་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་དང་གོང་མཐོར་གཏོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན།"[3] ཞེས་དམིགས་པ་རྒྱ་ཆེར་བཞེས་ཏེ་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་སྤྱི་ཚོགས་ཀྱི་བརྒྱུད་རིམ་ཁྲོད་ནས། ཁོང་གིས་འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་སྨིན་ཕྱིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ཞིག གནའ་བོའི་རྒྱ་གར་གྱི་རིག་གཞུང་གི་རྒྱབ་རྟེན་མང་པོར་བརྟེན་ནས་མཐར་ཁོང་གིས་དེ་ལྟར་ངོས་བཟུང་སྟེ་ཁྱབ་སྤེལ་གནང་ཞིང་། ཐ་ན་འཛམ་གླིང་འདིའི་ཐོག་རླབས་ཆེ་བའི་བྱས་མཛད་ཀྱི་བྱུང་རིམ་དེའང་དེ་བཞིན་རེད་དོ།།

 
གཉིས་པ། ནུབ་ཕྱོགས་དང་རྒྱ་གར་གཉིས་ཀྱི་བར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་འགྲེལ་སྟངས་མི་འདྲ་བ།

འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཏུ་འགྲོ་བའི་དུས་ཚིགས་དེར། མགོན་པོ་གང་ཉིད་ཀྱིས་ནུབ་ཕྱོགས་དང་རྒྱ་གར་ཁག་གི་ས་གནས་མང་དག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། མཁས་པ་ཚོ་དང་ལྷན་དུ་བརྗོད་གཞི་འདིའི་ཐོག་གོ་བསྡུར་ཐེངས་མང་གནང་སྟེ། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁག་གི་ནང་། ད་གཟོད་ཁོང་གིས་དགོངས་གཞི་ལྟར་ཤེས་ཡོན་མི་སྣ་ཚོས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ལ་། ནུབ་ཕྱོགས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་རྟོགས་རྒྱ་ཆེར་སྤེལ་ཆེད་ (Social emotional learning) ཞེས་པ་ཞིག ཆོས་དང་མ་འབྲེལ་བའི་ཐོག་ནས་བཟང་སྤྱོད་སློབ་སྟངས་སྐོར་སློབ་གྲྭ་ཁག་ཏུ་བསླབས་དང་སློབ་མུས་སུ་ཡོད་ལ། རྒྱ་གར་ནང་དུའང་བརྗོད་གཞི་འདིའི་ཐོག་སློབ་གྲྭའི་སློབ་ཚན་ཞིག་ཏུ་བཀོད་ཡོད། འོན་ཀྱང་། ནུབ་ཕྱོགས་དང་རྒྱ་གར་གཉིས་ཀྱི་བར་ཆོས་ལུགས་ལ་མ་བརྟེན་པ་ཞེས་པ་དེར་འགྲེལ་ལུགས་མི་འདྲ་བ་ཡོད་པ་རེད། ཕྱོགས་གཅིག་ནས་མི་རིགས་ཀྱི་ལྟ་བའི་དབང་གིས་ཁྱད་པར་དང་། ཕྱོགས་གཉིས་ནི་མི་རིགས་ཀྱི་སེམས་ཁམས་དང་ཁོར་ཡུག་གི་དབང་གིས་ཡིན་སྲིད། གང་ལྟར། ནུབ་ཕྱོགས་སུ་ཆོས་ལུགས་ལ་མ་བརྟེན་པ་ (Secular) ཅེས་པ་དེར་གོ་ལུགས་མི་འདྲ་བ་ཡོད་པ་རེད། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུངས་དོན་ལྟར་ན་"(Secular)ཟེར་བའི་ཐ་སྙད་འདིར་ནུབ་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྟངས་དང་རྒྱ་གར་གྱི་འགྲེལ་བཤད་རྒྱག་སྟངས་གཉིས་ལ་ཏོག་ཙམ་མི་འདྲ་བ་དང་། ནུབ་ཕྱོགས་སུ་(Secular)ཟེར་དུས་ཆོས་ཕྱོགས་ནས་ལྟ་སྟངས་ཀྱི་ལངས་ཕྱོགས་གཅིག་དང་ཆོས་དང་མ་འབྲེལ་བའི་ལྟ་སྟངས་ཀྱི་ལངས་ཕྱོགས་གཅིག་བཞག་པའི་ཐོག་ནས་(Secular)ཟེར་བའི་གོ་བ་འགའ་ཞིག་ལ་ཆོས་སྤངས་པ་དང་། ཆོས་ལ་འདུ་ཤེས་ཏོག་ཙམ་ཞན་པའི་གོ་བ་ཞིག་ཡོང་གི་ཡོད་པ་རེད།"[4]ཅེས་གསུངས་ཡོད། དེ་བཞིན་རྒྱ་གར་ནང་དུའང་དེའི་ཐད་ལ་འགྲེལ་ལུགས་ལོགས་ཀ་ཞིག་ཡོད་ལ། དེའི་ཐད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་"རྒྱ་གར་གྱི་(Secular)ཞེས་པ་དེར་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཁ་ཤས་ཡོད་རེད། དེའི་ནང་ནས་ཡོངས་གྲགས་ལྟ་བུ་དེ། བདག་ཉིད་ཆེན་པོ་གཱནྡྷཱིས། ཆོས་ཤིག་ཡིན་ཕྱིན་ཆད་ཆོས་ལུགས་ཡོངས་རྫོགས་ལ་གཅིག་གྱུར་གྱི་དད་མོས་ (Sarva Dharma Sambhava) ཞུ་རྒྱུའི་ཡུལ་ཞིག་ལ་བརྩི་དགོས་པ་དང་། རང་རང་གི་ཆོས་ལུགས་ག་རེ་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་དེ་ལོགས་ཀ་རེད་ཅེས་གསུངས་ཡོད།"[5] ཅེས་གསུངས། དེས་ན་ནུབ་ཕྱོགས་དང་རྒྱ་གར་གཉིས་ཀྱི་བར་དེའི་ཐད་ལ་འགྲེལ་ལུགས་དང་བསམ་བློའི་ཁྱེར་སོ་མི་འདྲ་བ་ཞིག་ཡོད་ཀྱང་དེང་གི་ཆར་རྩ་བའི་རང་བཞིན་དང་དམིགས་ཡུལ་དེ་༸གོང་ས་མཆོག་གིས་ཐུགས་དགོངས་ལྟར་འགྲུབ་པའི་གཞིར་བཞག་ཡིན། གཞན་ཡང་ནུབ་ཕྱོགས་དང་རྒྱ་གར་གཉིས་བར་གྱི་སློབ་གྲྭ་ཁག་དང་ཚོགས་སྡེ་ཁག་གི་མི་མང་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྟངས་ཀྱི་ཐབས་ལམ་ཡིན་ཡང་ཧ་ཅང་མི་འདྲ་བའི་སྒང་ནས་སློབ་ཀྱི་ཡོད་པར་བཤད། དེ་ནི་གོང་དུ་བཤད་པ་ལྟར་མི་རིགས་ཀྱི་སེམས་ཁམས་དང་ཁོར་ཡུག་གི་དབང་གིས་ཁྱད་པར་ཆེན་པོ་ཡོད། མདོར་ན་ནུབ་ཕྱོགས་དང་རྒྱ་གར་གཉིས་ཀྱི་བར་ཆོས་ལུགས་ལ་མ་བརྟེན་པ་ཞེས་པ་དེའི་གོ་བ་མི་འདྲ་བའི་དབང་གིས། སྐབས་དེར་༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་རྒྱུ་དེ་རྒྱ་གར་གྱི་བསམ་བློ་གཏོང་ཕྱོགས་དང་གོ་བ་ལེན་ཚུལ་འདི་རྩ་བར་བཞག་ནས། གང་ལྟར་ཁྱབ་ཆེན་པོ་ཞིག་དང་།   ཆོས་ལུགས་ཡོངས་དང་མཐུན་པ། དེ་བཞིན་ཆོས་ལུགས་བྱེ་བྲག་པ་གཅིག་གི་ལྟ་བ་ལའང་ལྟོས་མི་དགོས་པར། གང་ལྟར་ཆོས་ཁས་མི་ལེན་མཁན་ཡིན་ནའང་། འདིའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པའི་ཁྱབ་ཆེ་བའི་དགོངས་པ་ཞིག་བཞེས་ཏེ། འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱ་གར་གྱིས་འགྲེལ་ལུགས་ལྟར་ཆོས་ལུགས་ལ་མ་བརྟེན་པ་(Secular)ཞེས་པའི་ཐབས་ལམ་དེར་གཞིགས་ནས། ༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་(Secular Ethics)ཞེས་པ་དེམཁས་པ་ཚོ་དང་མཉམ་དུ་དགོངས་པ་རྒྱ་ཆེར་བཞེས་ཏེའཛམ་གླིང་ཡོངས་སུ་ཁྱབ་སྤེལ་དུ་བཏང་བའི་དགོས་པ་རྒྱུ་མཚན་ཡང་དེ་ཉིད་ལས་མ་འདས་སོ།།

 
གསུམ་པ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རིན་ཐང་དང་དགེ་མཚན།

རྒྱུ་གང་འདྲ་བས་འབྲས་བུ་དེ་འདྲ་བ་ཞེས་པ་བཞིནསྤྱིར་མི་སུ་ཞིག་གིས་ཀྱང་བྱ་སྤྱོད་བཟང་པོ་ཞིག་བྱེད་པ་ལ་ཕན་འབྲས་བཟང་པོ་ཞིག་ཡོད་མེད་ནི་སྨོས་མི་དགོས། འོན་ཀྱང་ང་ཚོས་དེ་ལ་ཤེས་དགོས་པ་ནི་ང་ཚོའི་འོས་འགན་ཞིག་ཡིན། གཞན་ཡང་གཏམ་དཔེ་ཞིག་ལས། འཇམ་པོས་རྩུབ་པོ་འཇོམ་བྱེད་ཅིང་། །འཇམ་པོས་འཇམ་པོའང་འཇོམ་པར་བྱེད། །ཅེས་པ་དེ་༸མགོན་པོ་གང་ཉིད་ལྟ་བུ་ལ་བརྗོད་པ་འདྲ་སྟེ། ༸མགོན་པོ་ཁོང་གིས་འཛམ་གླིང་ཤར་ནུབ་གང་སར་ཞབས་ཀྱིས་བཅགས་ཏེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལེགས་ཉེས་བླང་དོར་གྱི་བཀའ་སློབ་བདུད་རྩིས། མི་གསོད་ཁྲག་སྦྱོར་དང་། རྐུ་འཕྲོག་བཅོམ་གསུམ། གཞན་ཡང་འགན་འཁུར་མེད་པའི་ཕ་མ་དང་བུ་ཕྲུག གཏི་མུག་དང་མ་རིག་རྨོངས་པས་སྦྲིད་པའི་མི་རིགས་ཐ་ཤལ་བ་སོགས་ལ། དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་ཆེན་པོ་ཞིག་བྱིན་ཡོད་ལ། དེ་བཞིན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱི་བརྩམས་ཆོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ངོ་སྤྲོད་མདོར་བསྡུས་ཞེས་པ་ལས་བཤད་དོན་ལྟར་ན། "ཉེ་དུས་ཨ་རིའི་ཆེས་མཐོའི་དཔོན་རིགས་དང་སྐོར་སྲུང་བ་འགས་བཤད་དོན། ཏཱ་ལའི་བླ་མ་ཨ་རིར་ཕེབས་རྒྱུར་ང་ཚོས་དགའ་བསུ་བྱེད་བཞིན་ཡོད། དེའི་རྒྱུ་མཚན་ནི་ཏཱ་ལའི་བླ་མའི་བླང་དོར་བཀའ་སློབ་ཀྱི་ནུས་མཐུས། ང་ཚོའི་ཁྲིམས་ཀྱིས་སྟངས་འཛིན་དང་། བཅོས་མ་ཐུབ་པའི་མི་གསོད་རྐུན་ཇག་ཉུང་དུ་ཕྱིན་སོང་། ཞེས་བཤད་ཡོད་ཅིང་།"[6] ཞེས་བཀོད་གནང་འདུག དེ་ནི་༸མགོན་པོ་གང་ཉིད་ཀྱི་རླབས་ཆེ་བའི་མཛད་འཕྲིན་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྟོབས་ཤུགས་ཡིན་པ་ཤེས་དགོས་པ་གལ་གནད་ཆེ། ད་དུང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེས་ཕན་འབྲས་སུ་དགེ་མཚན་བླ་ན་མེད་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཚན་རིག་དང་ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ནར་འཚོ་བ་རོལ་ཞིང་བདེ་སྡུག་གི་དབྱེ་མཚམས་མི་ཤེས་པའི་དེང་དུས་ཀྱི་མི་རབས་རྣམས་ལ་མི་ཚེའི་རིན་ཐང་འཇལ་བའི་བཟང་སྤྱོད་ཀྱི་ཐག་སྣེ་ཞིག་བྱིན་ཡོད་ལ། མ་འོངས་པའི་ན་གཞོན་རྣམས་ལ་ཆོས་ལུགས་དང་མ་འབྲེལ་བའི་སྒོ་ནས་སློབ་གྲྭའི་སློབ་ཚན་བརྒྱུད་དེ། ཞི་བདེ་དང་བཟང་སྤྱོད་ཀྱི་རྨང་གཞི་བཙུགས་དང་འཛུགས་བཞིན་ཡོད་པ་ནི། ཅི་འདྲའི་ངོ་མཚར་ཞིང་དགའ་འོས་པ་ཞིག་ཨང་། དེ་བཞིན་༸མགོན་པོ་གང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་འགྲོ་བ་མི་རིགས་སེམས་ཅན་ཐམས་ཅད་ལ་ཕ་མ་གཅིག་གི་བུ་ཕྲུག་ཏུ་སྒོམ་ཞིང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་དེ་ཉིད་ཀྱི་ཁྱིམ་གཞིས་དྲོན་མོ་ཞིག་ཏུ་བརྩིས་ནས། བསམ་གྱིས་མི་ཁྱབ་པའི་རིན་ཐང་དང་དགེ་མཚན་ཞིག་ཏུ་འདོད་ཡོད་པ་གདོན་མི་ཟ། གཞན་ཡང་༸མགོན་པོ་གང་ཉིད་ཀྱིས། "ཆོས་དད་མི་འདྲ་ཡང་འགྲོ་བ་མི་ཡིན་པ་དང་། ང་ཚོས་ནམ་རྒྱུན་མར་གྱུར་སེམས་ཅན་ཐམས་ཅད་ཅེས་བརྗོད་པ་ལྟར་གཅིག་མཚུངས་ཆགས་ཡོད། དེས་ན་ང་ཚོས་ཆོས་པ་སྤུས་དག་པོ་ཞིག་ཡོང་བ་ལའང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཤེས་ཡོན་དགོས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན། ཆོས་དད་མེད་པ་རྣམས་ཀྱིས་ཀྱང་ཡ་རབས་བཟང་སྤྱོད་ཡོང་བ་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཤེས་ཡོན་དགོས་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད།"[7] ཅེས་གསུངས་ཡོད། མདོར་ན་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རིན་ཐང་དང་དགེ་མཚན་ནི་གསེར་དངུལ་ལས་ལྷག་ཅིང་། གསེར་དངུལ་ནི་ཉོ་ཚོང་བྱ་ཐུབ་པའི་རྒྱུ་ནོར་ཞིག་ཡིན་ཡང་བཟང་སྤྱོད་ནི་ཉོ་ཚོང་བྱ་ཐབས་མེད་པའི་རྒྱུ་ནོར་ཞིག་གོ། 

 
མཇུག་སྡོམ།

བཟང་སྤྱོད་ཀྱིས་ཕོངས་པའི་ཉམ་ཐག་པའི་འགྲོ་བ་མི་རིགས་དང་སེམས་ཅན་ཐམས་ཅད་ནིབདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཅིག་ཡིན་ཡང་། ད་དུང་གོ་ལ་ཧྲིལ་བོའི་སྤྱི་ཚོགས་འདིའི་ནང་ཕྱི་དངོས་པོའི་ལོངས་སྤྱོད་ཀྱིས་དབང་གིསནང་སེམས་ལ་དཀའ་རྙོག་དང་ཆགས་སྡང་སོགས་ལསཞི་བདེ་བསྐྲུན་ཐབས་མེད་པ་ཤེས་བཞིན་དུ་མི་ཚེ་སྐྱེལ་མཁན་དག་ནིཅི་འདྲའི་ཐབས་རྡུགས་པ་ཞིག་མ་ཡིན་ནམ། དེས་ན་དེ་ལས་ལྡོག་སྟེ་༸མགོན་སྐྱབས་གང་ཉིད་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་རིག་པའི་གཞུང་ལུགས་ཀྱི་སྲོལ་བཏོད་དེ། མཐར་འགྲོ་བ་མིའི་རིགས་སེམས་ཅན་ཐམས་ཅད་ལ་སྙོབ་ཐུབ་པའི་བཟང་སྤྱོད་ཀྱི་འོད་སྣང་གི་མཛད་འཕྲིན་གོ་ལ་ཡོངས་སུ་ཁྱབ་པར་མཛད་གནང་ཡོད། དེ་ནི་རླབས་ཆེན་གྱི་མཛད་པ་ཉག་ཅིག་གོ། 

 

དཔྱད་གཞིའི་ཡིག་ཆ། 
1. ཆོས་ལུགས་ཀྱི་མཚམས་ལས་འདས་པ། ༸ཏཱ་ལའི་བླ་མས་མཛད། ཚེ་རིང་ནོར་བུས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་ཞུས། སྣ་ཚོགས་དེབ་ཕྲེང་།(6) 
2. ནང་ཆོས་ངོ་སྤྲོད་སེམས་ཀྱི་དཔལ་ཡོན། ༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་། ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་།(7)
3. སློབ་ཆེན་གྱི་རྨི་ལམ་དཀར་པོ། 2020 ལོའི་བོད་ཀྱི་མཐོ་རིམ་སློབ་མ་སྐབས་བཅུ་བཞི་པས་འགྲེམས་སྤེལ་བྱས། 
4. ནོར་ཝེ་རླུང་འཕྲིན་ཁང་ནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་བཅར་འདྲི་གནང་བའི་དྲྭ་ཚིགས།
http://tibettimes.net/2016/12/01/153169/
5. ནོར་ཝེ་རླུང་འཕྲིན་ཁང་ནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི་གནང་བའི་དྲྭ་ཚིགས། 
http://www.secularethics.net/kalobsamdhongrinpoche04.html
6. ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་བརྩམས་པའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ངོ་སྤྲོད་མདོར་བསྡུས་ཞེས་པའི་བརྩམས་ཆོས་ཀྱི་དྲྭ་ཚིགས།  
http://www.khabdha.org/?p=84068
 
མཆན། 
[1]  ཆོས་ལུགས་ཀྱི་མཚམས་ལས་འདས་པ། ༸ཏཱ་ལའི་བླ་མས་མཛད། ཚེ་རིང་ནོར་བུས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ཤོག་གྲངས། 17
[2] ཆོས་ལུགས་ཀྱི་མཚམས་ལས་འདས་པ། ༸ཏཱ་ལའི་བླ་མས་མཛད། ཚེ་རིང་ནོར་བུས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ཤོག་གྲངས། 21
[3] སློབ་ཆེན་གྱི་རྨི་ལམ་དཀར་པོ། 2020 ལོའི་བོད་ཀྱི་མཐོ་རིམ་སློབ་མ་སྐབས་བཅུ་བཞི་པས་འགྲེམས་སྤེལ་བྱས། ཤོག་གྲངས། 19
[4] ནོར་ཝེ་རླུང་འཕྲིན་ཁང་ནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་དགེ་བཤེས་ཐུབ་བསྟན་སྦྱིན་པས་ལགས་སུ་བཅར་འདྲི་གནང་བའི་དྲྭ་ཚིགས། 
http://tibettimes.net/2016/12/01/153169/
[5] ནོར་ཝེ་རླུང་འཕྲིན་ཁང་ནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི་གནང་བའི་དྲྭ་ཚིགས།
http://www.secularethics.net/kalobsamdhongrinpoche04.html
[6] ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་བརྩམས་པའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ངོ་སྤྲོད་མདོར་བསྡུས་ཞེས་པའི་བརྩམས་ཆོས་ཀྱི་དྲྭ་ཚིགས།
http://www.khabdha.org/?p=84068
[7] ནང་ཆོས་ངོ་སྤྲོད་སེམས་ཀྱི་དཔལ་ཡོན་དེབ་བདུན་པ།  ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་།  ཤོག་གྲངས། 97

ཡོང་ཁུངས། འཚོལ་སྨྱུག་ཚོགས་ངོ་དེབ་དྲྭ་བ་ལས་བཏུས།

1 comment:

  1. ་ཁོ་ནི་དེང་གི་སེར་རའི་སློབ་གྲའི་ནང་གི་རེ་བ་ཆེ་ས་ཞིག་ཡིན། ཡག་པོ་འདུག།

    ReplyDelete

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།