རྩོམ་པ་པོ། དོལ་པོ་བླ་མ་ཤཱཀྱ་རྒྱལ་མཚན།
༈ རྟོགས་ན་ལྷན་སྐྱེས་གཤིས་ཀྱི་མ། །
མ་རྟོགས་བདག་འཛིན་རུ་ཏྲའི་རྒྱུ། །
འཆོལ་ན་མི་ཡང་ཟ་བར་བྱེད། །
འཇིགས་བྱེད་འདས་དུས་སྔོན་དུ་བྱུང་། །
རང་ངོ་ཡིན་པར་མ་ཤེས་ན། །
སྟོང་གསུམ་ཟ་ཞིང་སྲིད་གསུམ་འཐུང་། །
ཕུང་བྱེད་ནག་མོ་གཤེགས་བཞུགས་མཆོད། །
ནག་མོ་ཁྲག་འཛག་མ་ལ་བསྟོད། །
གདོད་མའི་བྲམ་ཟེའི་ཆོས་ལུགས་ལས། །
ལྷ་དང་ལྷ་མིན་གཡུལ་འགྱེད་སྒྲུང་། །
སྟོན་པས་གཤིས་དང་སྦྱར་བའི་གནད། །
ལྟ་བའི་ཀློང་ནས་ཁྱད་ཤེས་བྱ། །
ཡེ་ནས་རང་དང་འདུ་འབྲལ་མེད། །
གོལ་ཤོར་ནོར་བློའི་ངོ་ལོག་ལས། །
མ་རྒན་ཁྲོས་ཚུལ་དེ་ནས་བྱུང་། །
དེ་ཕྱིར་ཁྲོས་མ་ནག་མོ་ཟེར། །
ལོག་ལྟ་ཅན་ངོར་སྟོང་གསུམ་ཕུང་། །
ཡང་དག་ལྟ་རྣམས་བདག་འཛིན་འཇིག །
འཇིགས་བྱེད་སྲིན་མོ་མི་ཟད་མ། །
སྔགས་ཀྱི་འབྱུང་ཁུངས་ཁྱོད་ལས་ཅི། །
གཤིས་ངོའི་མ་རྒན་ཁྱོད་ལས་སུ། །
གཉིས་འཛིན་འཁྲུལ་ཚོགས་རུ་ཏྲ་རྣམས། །
ཞལ་དུ་བསྟབ་བོ་ཁ་རམ་ཁ་ཧི། །
ཨ་མ་ཨ་མ་དགྲ་བོའི་དགྲ། །
བུ་ལ་ཁྲོས་མ་དྲིན་ཁྲོས་སོ། །
དོལ་ཤཱཀ་གྲོལ་དུས་བབས་སམ་ཀྱེ། །
ཧ་ཧ་ཨ་ལ་ལ་ཧོ་མཚར། །
༈ གཤིས་མ་ཁྲོས་ནས་འཁྲུལ་བུ་གསོད། །
ཕྱི་ནང་དབྱེ་ལྟ་ཕོ་རབ་ལག །
འདི་ལས་ལྷག་པའི་དགོངས་གསང་མེད། །
དུག་སྦྲུལ་སྨྱུག་འཛུལ་འདི་ལས་ཅི། །
ཡར་མར་དབྱེ་དུས་ལམ་འདི་མཆོག །
༈ ཐོལ་བྱུང་བློ་རྡེག་ཕཊ་གཅིག་རྒྱབ། །
དྲག་ལ་ངར་ཐུང་ཨེ་མ་ཧོ། །
ཅི་ཡང་མ་ཡིན་ཧད་དེ་བ། །
ཧད་དེ་བ་ལ་ཟང་ཐལ་ལེ། །
ཟང་མ་ཐལ་བྱུང་རྗོད་དུ་མེད། །
འདིའི་དོན་ཤེས་ན་ཨ་མས་ཟ་མི་དགོས། ཧ་ཧ་ཧ་ཧ་ཧ།
༈ མ་རིག་འགྲོ་རྣམས་མ་ལས་སྐྱེས་སོ་ལོ། །
རིག་པའི་རིག་འཛིན་མ་ཡིས་ཟ་བར་ཤོག །
བྲམ་ཟེས་མ་ཡིས་བཟས་ན་ངན་སོང་ཟེར། །
གོའུ་ཏམ་ལུགས་མས་བཟས་ན་ཐར་པར་བཤད། །
དོན་དུ་ཞལ་བསྟབ་ཚུལ་སྟོན་དགོངས་པ་གཅིག །
གནས་ལུགས་ཡང་དག་སུ་ཡིན་ངས་མ་ཤེས། །
སྨྲོས་ལ་བོར།
ཡོང་ཁུངས། དོལ་པོ་བདེ་དོན་ལྷན་ཚོགས་ཀྱི་འཕྲིན་ཚོམས།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།