རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 28 December 2020

ངག་འཁྱལ་ཞིག

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།
ལས་དབང་བསམ་མི་ཁྱབ་པའི་སྒྱུ་འཕྲུལ་གར།།
མིག་གི་ལྟད་མོར་གྱུར་ནས་ལན་མང་སོང་།།
ལྟ་བཞིན་ལྟ་བཞིན་རང་རྒྱུད་དགའ་སྐྱོས་བརླན།།
སེམས་ལ་བརྗོད་དུ་མེད་པའི་ཚོར་སྣང་ཞིག།

མཚམས་རེ་ཡག་འདུག་ཟེར་ནས་ཐག་གཅོད་རེ།།
འགའ་རེ་སྡུག་འདུག་ཟེར་ནས་མིག་ལོག་རེ།།
དམ་བཅའ་འདི་གཉིས་བར་གྱི་བྱིས་པ་ང་།།
ངལ་དུབ་རྔུལ་ཆུས་བཅུས་པའི་སེམས་པ་ཞིག།

ལ་མོ་ཕར་ཀའི་གྲོང་འཁྱེར་ཆེན་པོ་རེད།།
ལོ་རྒྱུས་སྒྲུབ་བྱེད་ལྡན་པའི་གཏམ་རྒྱུད་ཡོད།།
ལ་མོ་ཚུར་ནང་ཡོད་པའི་ཅོལ་ཆུང་འགའ།།
སྒོ་ཁྱི་ལྟོགས་ཟུག་རྒྱག་པའི་སྐད་ངན་ཞིག།

གཞན་གྱི་ཕྱོགས་ལ་འཁོན་པའི་གདུང་བ་ཞིག།
མྱོས་པའི་དུག་གིས་ཉིན་མཚན་མེད་པར་བཟི།།
རང་ངོ་རང་གི་མ་ཤེས་ཞེ་རེ་ཁྲེལ།།
རྐང་པའི་གོམ་ཁ་ཀྱག་ཀྱོག་ངང་ནས་འདས།།

གཏམ་གྱི་སྦུན་པ་ཤུ་བའི་གཤིས་རྒྱུད་ཅིག།
ངན་སོང་སྒོ་མོ་འབྱེད་པའི་སྔ་ལྟས་ཡིན།།
མྱུར་དུ་གཅོད་པའི་རལ་གྲི་ངར་མ་ཞིག།
དེ་རིང་ཡོད་ན་ཁོ་བོའི་སྙིང་ལ་ཐོབས།།

ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།