རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 14 December 2020

བདག་ཉིད་གློ་བོར་ཆས་པའི་ཁ་སྐོང་ཞིག

 རྩོམ་པ་པོ། ཉི་གཞོན་སྐྱ་མདའ།

གློ་བོ་ནི། ཕྱི་སྣོད་ཀྱི་བཀོད་པ་མཛེས་ཤིང་། ནང་བཅུད་ཀྱི་ལྷག་བསམ་དག་པའི་ཆོས་ལྡན་གྱི་ཞིང་ཞིག་རེད་འདུག མ་ཟད་ལོ་རྒྱུས་སྟེང་གི་བོད་བཙན་པོའི་རྒྱལ་བརྒྱུད་ཡིན་པའི་མངའ་རིས་གུ་གེ་རྒྱལ་པོའི་གདུང་རབས་རིམ་བྱོན་འཁྲུངས་པའི་ཞིང་དང་། རྒྱལ་བརྒྱུད་ཆོས་བཞིན་བསྐྱངས་པའི་གནས་ཤིག་ཏུ་མཐོང་། 

      དེས་ན་གློ་བོའི་འདས་པའི་ལོ་རྒྱུས་ལ་ཁ་ཕྱི་བལྟས་ཤིག་བྱས་དུས། གློ་བོ་ཆོས་ལྡན་གྱི་ཞིང་དང་རྒྱལ་པོས་ཆོས་བཞིན་བསྐྱངས་པ་དག་ནི། ཆུ་བོ་གངས་ལ་ཐུག་པ་བཞིན་གང་ཟག་བརྒྱ་ལ་ཐུག་མི་འདུག་ལ། དེ་བས་སྟོང་ལ་ཡང་ཐུག་མི་འདུག དེ་ནི་བཤད་པའི་དཔང་རྟགས། བྲིས་པའི་ཡི་གེ། བརྣན་པའི་མཐེབ་རྗེས། ཨར་གྱི་མི། གུང་གི་རྡོ་ལྟ་བུ་ནི། སྔོན་བྱོན་བཟང་པོ་རྣམ་གསུམ་སྟེ། བླ་མ་ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་པོ་ཆོས་རྒྱལ་ཨ་མགོན་བཟང་པོ། བློན་པོ་བཀའ་བློན་ཚེ་དབང་བཟང་པོ་བཅས་ལ་ཐུག་ཡོད་པ་དང་། དེ་དག་ནང་ནས་ཀྱང་ཨ་ཡོད་ནང་གི་ད་ཡོད། སྒོ་ང་ནང་གི་སེར་རིལ་ནི། རྒྱལ་བའི་ལུང་གིས་ཡང་ཡང་ཟིན་པའི་བླ་མ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མཆོག་ལ་ཐུག་གི་ཡོད་པར། ལོང་བ་རྣམས་ཀྱིས་མཐོང་བའི་གནས་དང་། འོན་པ་རྣམས་ཀྱི་ཐོས་པའི་གནས་ཤིག་ཏུ་གྱུར་ཡོད་པ་སྟེ། ཁོ་བོས་ཆོས་ལྡན་གློ་བོའི་སྒྲུང་དང་ལྡེའུ། རྒྱལ་རབས་དང་ཆོས་བྱུང་། ངག་རྒྱུན་དང་དམངས་ཁྲོད་ལ་བློ་བསམ་རྣལ་བའི་གཏམ་གྱི་སྙིང་བཅུད་ཅིག་ཡིན། 

       མདོར་ན། གཏམ་བརྒྱ་བཤད་སྙིང་པོའི་དོན་དང་། ཞོ་བརྒྱ་དཀྲོགས་སྙིང་པོའི་མར་བཞིན། མདོར་ཧྲིབ་ཀྱིས་བསྡུས་ན། ད་ལོ་ཐེམ་སྤང་བཀའ་རྒྱ་ཡི་དུས་སྐབས་འདི་གོ་སྐབས་སུ་བཟུང་ནས། ན་ནིང་སྤྱི་ཟླ་ ༢ པའི་ཟླ་སྟོད་ནས་ད་ལོ་སྤྱི་ཟླ་ ༡༢ པའི་ཟླ་སྟོད་བར། རྒྱལ་སྲས་ཞི་བ་ལྷ་ཡིས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ཞེས་པའི་བསྟན་བཅོས་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ། འཆད་ཉན་ཐོས་བསམ་གྱིས་མཇུག་བསྡུས་ཐུབ་པ་ནི། ཕྲན་ལ་མཚོན་ན་བསོད་ནམས་ཤིག་ཡིན་སྙམ། མ་ཟད་སྤོབས་པ་ཡང་སྐྱེ་དགོས་པ་ཞིག་ལ། བདག་ཅག་གི་སྟོན་པ་བྱོན་ནས་བཟུང་ད་བར་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འཁོར་ཟིནད་ཀྱང་། ད་བར་གློ་བོ་སྟོད་ལ་གཞུང་ཆེན་ཁག་གི་འཆད་ཁྲིད་དང་དགོན་པ་བཤད་གྲྭ་སོགས་གྲངས་ལས་འདས་པ་ཞིག་བྱུང་བའི་སྐོར། ལོ་རྒྱུས་དང་རྣམ་ཐར་ཁག་ཏུ་ཧ་ཅང་གིས་གསལ་ན་ཡང་། གློ་བོ་སྨད་ལ་ད་བར་བྱུང་བ་ནི་འདས་པའི་དཔང་རྟགས་ཀྱི་ཡིག་ཆ་དང་མེས་པོའི་ངག་རྒྱུན་གང་ནས་ཀྱང་དབེན་པས། ད་ལམ་འདི་ཨང་ཀི་གཉིས་པ་ཡི་སྔོན་དེ་མིན་ནམ་བསམ། དེས་ན་མ་འོངས་པའི་ལོ་གཅིག་དང་གཉིས་ཀྱི་ནང་ལ། འདིར་གློ་བོ་སྨད་ལ་ནང་པའི་གཞུང་ཆེན་ཁག་གི་འཆད་ཁྲིད་གངྒའི་ཆུ་བོ་བཞིན་མུ་མཐུད་ནས་ཡོང་རྒྱུ་ཡིན་པ་དང་། བསྐལ་བ་རྫོགས་ལྡན་གྱི་ཉི་མ་ཞིག་འཆར་བའི་རེ་འདུན་གཏིང་ནས་མཆིས། 

       དགའ་སྐྱིད་ཀྱི་ཚོར་བ་དམིགས་བསལ་ཞིག་ལ། ངའི་སློབ་མ་ཚོ་ནང་པའི་གཞུང་ཆེན་ལ་ཐེངས་དང་པོ་འཇུག་མཁན་ཤ་སྟག་ཅིག་ཡིན་པ་དང་། དེ་སྔ་ཁོང་ཅག་གདན་ས་ཁག་གི་མཚན་ཉིད་བཤད་གྲྭར་བསྐྱོད་མ་མྱོང་མཁན་ཡིན་པའི་ཆ་ནས། འདྲ་མི་འདྲ་དམིགས་བསལ་དུ་མ་ཞིག་བྱས་ཡོང་དུས། ངས་ག་དུས་ཡིན་ན་ཡང་ཁོ་ཚོ་ལ་ཆོབ་དང་སྦྲགས་དབྱིན་སྐད་ཀྱི་ཚུལ་དུ་ (World record) མ་གཏོར་ར་ཞུ་དུས། ཁོང་ཅག་ཆ་ཚང་གི་བཞིན་རས་ནས་འཛུམ་དམུལ་དམུལ་ངང་ཁོག་པའི་གཏིང་ནས་བཞད་གད་ཤོར་ཡོང་བ་དེ། གལ་ཏེ་ང་འཆི་ན་ཡང་བརྗེད་མི་ཐུབ་པ་དེ་རེད་ཡ། གུས་ཉི་གཞོན་སྐྱ་མདའ་ནས། ༡༡།༡༢།༢༠༢༠

རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བླངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།