(འབྲི་གུང་ཆེ་ཚང་༸སྐུ་འཕྲེང་བདུན་པའི་འཁྲུངས་སྐར་ལྷ་གསོལ།)
རྩོམ་པ་པོ། འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།
འབྲི་གུང་སྐྱེས་ཆེན། །
གུང་གྲལ་བསྒྲིགས་ཚད། །
སྐྱབས་ཀྱི་འོག་ཏུ། །
མགོན་དེས་ཟུངས་ཤིག །
ཆེ་ཆེའི་ཡོན་ཏན། །
ཚང་ལ་མ་ནོར། །
ཆེ་ལོང་ཙམ་ཞིག །
ཆེ་བའི་སྔོན་བསགས། །
ཚང་པོར་སྨིན་འབྲས། །
ཆེ་རྒྱུད་བཟང་པོའི། །
ཚང་དུ་སྐུ་བལྟམས། །
ཆེ་དགུའི་རྟགས་མཚན། །
ཚང་བར་འཛོམས་པས། །
ཆེ་འདོན་མངའ་གསོལ། །
ཚང་མ་དཔལ་འབར། །
དེ་ལྟར་ཤིས་ཀྱང་། །
དུས་འགྱུར་བཙན་པོས། །
མཆོག་སྐུའི་འཚོ་གཞེས། །
མགོ་བསྒྱུར་རྟིང་བསློགས། །
ཚེ་རབས་གོང་མའི། །
སྦྱང་འཕྲོ་ལུས་སམ། །
བཟོད་སྒོམ་སྟོབས་ལ། །
ཉམས་ཚོད་བགམས་སམ། །
གཞོན་ན་ཕྲ་དང་། །
དར་བབ་ལང་ཚོ། །
ངལ་རྩོལ་ལས་ཀྱིས། །
འཕྲོག་ཅིང་བཅོམས་ཐལ། །
ཐུགས་ཞེའི་གཏིང་དུ། །
བརྣགས་པའི་དོན་ཆེན། །
སྒྲུབ་པའི་ཉི་གཞོན། །
ཤར་བར་མ་འཕྱིས། །
སོ་གཅིག་བཞེས་འཕྲལ། །
ལྷོ་ལམ་བསྙེགས་ཏེ། །
ཧི་མ་ལ་ཡ། །
རྒྱབ་ཀྱིས་བསྐྱུར་སོང་། །
གསན་བསམ་ངོ་ཐོག །
དེ་ནས་བརྩམས་ཤིང་། །
མཛད་པའི་འཕྲིན་ལས། །
དོན་ཐོག་རྒྱས་ཤག །
བཤད་དང་སྒྲུབ་པའི། །
སྡེ་ཚོགས་སྐྱོང་ཚུལ། །
སྤྱི་དང་མཚུངས་པའི། །
བསྟན་པའི་མཆོད་སྡོང་། །
འདྲ་འདྲའི་ནང་ནས། །
མ་འདྲར་འཕགས་པ། །
ཕྲ་རུ་བཏབ་པའི། །
གཡུ་དང་བྱུ་རུ། །
བདོག་དགུས་བཞེངས་པའི། །
“སྲོང་བཙན་དཔེ་མཛོད།” །
བྱུ་རུ་དམར་པོའི། །
ཕྲ་རྒྱན་ཚོམ་བུ། །
སྔར་མེད་དེབ་ཐེར། །
«བཙན་པོའི་རྒྱལ་རབས།» །
ཁུག་རིན་བྲལ་བའི། །
གཡུ་མོ་དྲུག་དཀར། །
ཕྲན་ཆུང་བདག་ལའང་། །
ཐུགས་བརྩེ་ཆེན་པོས། །
གམ་བཅར་ཡོང་བར། །
ཞལ་འཕྲིན་བསྩལ་མྱོང་། །
ལོ་གསར་གནང་ཆེན། །
འགན་ཁུར་ལྗིད་རྐྱེན། །
སྐབས་དེའི་བཀའ་མངགས། །
མ་གྲུབ་འགྱོད་ཀྱིས། །
འོན་ཀྱང་བཞུགས་བྲང། །
ཐེངས་གཉིས་མཇལ་ཡོད། །
གདན་བཞུགས་མེད་པའི། །
སྟབས་དང་ཁེལ་སོང་། །
དེ་རིང་འདི་ནས། །
ཞུ་ལན་བོན་ཡོད། །
གསེར་ཞལ་མཇལ་བའི། །
སྨོན་ཚིག་བསྲིངས་ཡོད། །
དགུང་ཀེག་མེད་པར། །
ལོ་བརྒྱར་བཞུགས་ཞེས། །
དོན་གྱིས་སྨོན་པ། །
ལྔ་པའི་དབྱངས་ཡིན། །
འཁྲུངས་ལྷ་གསོལ་བའི། །
སྐར་ལྟས་བཟང་པོར། །
ལྷ་དར་ཟོལ་གྱིས། །
གསོལ་ལམ་འབུལ་ལོ། །
ཞེས་འབྲི་གུང་སྐྱབས་མགོན་ཆེ་ཚང་༸སྐུ་འཕྲེང་བདུན་པ་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་སྐར་ལྷ་གསོལ་ཉིན་ཆེ་བསྟོད་ཆེ་ལོང་ཙམ་ཞིག་གསོལ་བ་འདི་ནི། འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལས་ཁང་གི་«གོ་ལའི་གཟི་འོད་»ཅེས་པའི་བསྟོད་རྩོམ་ཕྱོགས་བསྒྲིགས་རྩོམ་སྒྲིག་ཚོགས་ཆུང་གིས་ཡིག་ཐོག་ནས་བསྐུལ་ཞིང་། འོམ་གློ་ཐོར་ཅོག་ཡུལ་གྱི་བླ་མ་དཀོན་མཆོག་དོན་འགྲུབ་མཆོག་དང་། སྒ་པ་ཨ་ཅཱ་རྱ་དཀོན་མཆོག་པད་མ་ལགས་རྣམ་གཉིས་ནས་ཀྱང་ཡིག་ངག་ཉིས་སྦྲགས་ཀྱིས་མངགས་པས། བཅོལ་ངོ་མ་ལྡོག་ཙམ་དུ་དོལ་པོ་འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་དུ་འབོད་པས་བགྱིས་ཤིང་། དེ་ཡང་འབྲི་གུང་སྐྱབས་མགོན་གང་ཉིད་«བོད་བཙན་པོའི་རྒྱལ་རབས་»མཛད་པའི་སྐབས་དེར་ཡིག་རྙིང་རྣམས་སུ་བོན་གྱི་བརྡ་ཆད་རྙིང་པ་གང་འཚམ་གཟིགས་སྟབས་བགྲོ་མོལ་སླད་དུ་མཁས་དབང་ཨ་མྱེས་རྨ་ཆེན་བཀྲ་ཤིས་ཚེ་རིང་ལགས་ཀྱི་བརྒྱུད་ནས་གུས་ཆུང་བདག་ལ་ལོ་གསར་གྱི་གུང་གསེང་དང་བསྟུན་ནས་ཟླ་བ་གཅིག་གི་རིང་སྐུ་བཅར་དུ་ལྷོད་དལ་བྱ་རྒྱུ་ཡོད་པར་བྱས་ནས་ཤོག་ཅེས་བཀའ་འཕྲིན་ཞལ་ཆ་བསྩལ་མོད། འོན་ཀྱང་སྐབས་དེར་ཕྲན་ཆུང་སྨན་རིའི་གླིང་དུ་ལོ་གསུམ་རིང་གི་གྲྭ་ཚང་གཉེར་ཆེན་ནམ་ཕྱག་མཛོད་ཀྱི་འགན་འཁུར་བའི་སྟབས་དང་ཁེལ་བས་དུས་ཚོད་ཀྱིས་བཅར་ཐབས་མ་བྱུང་བ་ལགས་ན། ད་ལམ་འདི་ནས་འདི་ཉིད་བཟོད་གསོལ་ཞུ་རྟེན་གྱི་དོད་དུའང་གདེག་པར་བྱའོ།། །། ༢༠༢༠།༠༧།༢༥། ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ནས།
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཆེ་མཆོག་ཆེ་ཚང་ཆེ་བརྗོད།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།