རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 8 December 2020

གློ་བོ་ལྷུན་གྲུབ་ཀྱི་སྙན་ངག་ཚན་པ་གསུམ།

ཤར་ཟླ་ནག་པོ།
མེ་ཏོག་ཐང་ལ་བབས་པའི་དེ་རིང་སྟེ།།
སེམས་པ་རྒྱང་ལ་གཏད་པ་ལན་གཅིག་མིན།།
རྣམ་ཤེས་ཤར་ལ་ལྡས་པའི་ཁ་སང་ཡང་།།
དེ་རིང་བསམས་ན་ཉུང་ཉུང་མིན་ཚོད་ཡིན།།

ཁྱོད་རང་ཆང་གིས་བཟིས་པའི་སྙན་ངག་སྟེ།།
ང་ཉིད་དེ་ལ་ཡན་པའི་སེམས་པ་ཞིག།
གང་ཞིག་ཤར་ལ་རྒྱུ་བ་མཐོང་ན་ཡང་།།
མིག་ཆུ་རེ་རེ་སེམས་ཀྱི་བར་ནས་མཆེད།།

ཐག་རིང་ཐག་རིང་ཡིན་པའི་ཤར་ཟླ་ཁྱོད།།
ང་ཡི་སེམས་པ་ནང་ན་ཉེ་ཤོས་ཡིན།།
འོན་ཀྱང་ཁྱོད་ཀྱི་འདོད་པ་གང་ཞིག་གིས།།
ང་ཡི་སེམས་པ་ཚིག་པ་ཤེས་ཡོད་དམ།།

ཚོར་སྣང་རི་མོར་བཀོད་དེ་བཤད་པ་དག།
ཆུ་ལ་རི་མོ་བྲིས་པའི་དཔེ་རུ་གྱུར།།
རྒྱ་ལ་ཤར་ཟླ་ང་ལ་དགའ་སྲིད་ན།།
ད་ཆ་ང་ཡང་ཁྱི་ཞིག་ཡིན་མདོག་མེད།།

ཕན་ཐོགས་མེད་པའི་སེམས་སྡུག་མྱོང་བ་འདི།།
ང་ལ་བསམས་ན་སེམས་ནད་གསར་པ་ཞིག།

༢༩།༠༨།༢༠༢༠།


ར་བཟི་བའི་ང་།
སྙིང་གཏམ་བཤད།
ཝུ་ཆང་འཐུངས།
ད་དུང་འཐུངས།
སུ་ཞིག་དྲན་ནས་འཐུངས།
སུ་ཞིག་བརྗེད་པར་འདོད་ནས་འཐུངས།

ད་གཟོད།
ང་ར་བཟི་སོང་།
ར་བཟི་བའི་རྗེས་སུ།
ཞེད་སྣང་ལང་བྱུང་།
སེམས་པ་སྐྱོ་བྱུང་།
མིག་ཆུ་ཤོར་བྱུང་།

ལྷིང་འཇགས་པའི་འཁོར་ཡུག་དེ་ནས།
ངོ་གདོང་རླུང་ལ་གཏད།
གྲང་ངར་ཆེ་བའི་རླུང་བུ་དེ་ཚོས།
ང་ཡི་ངོ་གདོང་ལ་རེད་ནས་ཕྱིན་སོང་།
ད་དུང་ཡང་བཟི་དངས་མ་སོང་།

གློག་ཁང་ཕྱོགས་སུ་རྒྱུ་བའི་ཆུ་མོ།
སྲང་ལམ་གྱི་ལྕང་ལོ་སྐམ་པོ།
དེ་དག་ཀྱང་ང་དང་མཚུངས།
རང་དབང་མི་འདུག
གྲོགས་པོ་མི་འདུག

གང་ལྟར་ང་བཟི་ཡོད།
ད་དུང་བཟི་ཡོད།

གྲོགས་པོ་ཚོ་དགའ་སྐྱིད་ལ་རོལ་བཞིན་པའི་སྒང་རེད།
ང་ཁེར་རྐྱང་།
ཞེད་སྣང་དང་ངོ་ཚ། སྐྱོ་བ་དང་མིག་ཆུ་གང་ཞིག་གིས།
ང་སྡོད་འདོད་མ་བྱུང་།
དེ་བས་ང་ཡོང་ཡིན།
ལོག་ནས་ཡོང་ཡིན།
གང་ལྟར་ད་དུང་ང་ར་བཟི་ཡོད།

༢༠༢༠།༡༡།༠༦། ཕྱི་དྲོ། ༡༠:༣༠ 


རྟག་ཏུ་དགོད་པའི་རྣམ་ཐར།
འུ་གཉིས་མཉམ་དུ་བྱུང་ན་བསམས་ནས་ཁྱོད་ཀྱིས་ང་ལ་ཁ་ཡ་བྱས།།
ང་ཡིས་ཁྱོད་རང་ཚ་བོ་མཐོང་ནས་དགའ་རོགས་རྐྱང་པ་བསྒྲིགས་པ་ལགས།།
འུ་རང་གཉིས་ཀྱི་བསམ་བློ་ཁྱེར་སྟངས་འདྲ་ཡི་མེད་པ་དངོས་ཡོད་རེད།།
ད་ལྟ་བསམས་ན་ཁ་པར་ནང་ནས་སྙིང་གཏམ་གླེང་ས་ངོ་མ་ཆགས།།

ལས་སྨོན་ཡོད་ན་བྱུང་ཡོང་ཟེར་བ་ཁྱོད་ཀྱི་སྐད་ཆ་བདེན་པ་རེད།།
ལས་སྨོན་ཙམ་གྱིས་འགྲིག་གི་མ་རེད་ང་ཡིས་ཁྱོད་ལ་ལབ་ཡིན་པ།།
གང་ལྟར་ང་གཉིས་ཨོ་ཚོད་མཐུན་གྱི་ད་དུང་མདུན་དུ་བསྐྱོད་ན་ཨ།།
ད་ནི་ང་རང་ཁྱོད་ལ་ངོ་མ་བརྩེ་བ་ཡོད་པའི་མནའ་སྐྱེལ་ཡ།།

སྐྱེ་བ་འདི་ལ་སྐྱིད་རུང་སྡུག་རུང་ངས་ནི་ཁྱོད་རང་བདམས་ཡིན་ལ།།
བྱུང་ན་སྐྱེ་བ་གང་མང་ཞིག་ལ་ཁྱོད་དང་ཕྲད་པའི་སྨོན་ལམ་ཡོད།།
དེ་དག་ཀུན་ཏུ་བརྩེ་བས་ར་བཟི་དགའ་བས་ཡིད་ཚིམ་ནས།།
འཇིག་རྟེན་འདིའི་བརྩེ་བའི་མཚོན་རྟགས་འུ་གཉིས་འགྱུར་བའི་ཡིད་ཆེས་ཡོད།།

རྩོམ་ཁུངས། རྩོམ་པ་པོ་ལགས་ཀྱི་ངོ་དེབ་དྲྭ་བ་ནས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།