རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 10 January 2021

དེང་གི་སྤྱི་ཚོགས།

རྩོམ་པ་པོ། མཁན་པོ་པདྨ་དབང་ཆེན།

གངས་རིའི་ཞིང་ཁམས་འདྲེ་ཡིས་འཇོང་།།
ལ་དང་ལུང་པ་བེམ་རོས་བཀང་།།
མེས་པོའི་རུས་རྐང་དོང་དུ་ལྷུང།།
ཁ་བའི་མཛེས་སྡུག་སྨག་གིས་གཡོག།

རྔམ་བརྗིད་རི་བོ་ཁོག་ནས་སྔོག།
རིན་ཆེན་གཏེར་ཁ་རྒྱང་དུ་དབོར།།
མཛེས་པའི་ནགས་ཚལ་སྐེད་ནས་གཏུབ།།
དྭངས་པའི་འབབ་ཆུ་བཙན་གྱིས་བཀག།

འབྱུང་བཞི་འཁྲུག་པའི་ཐན་ལྟས་ཤར།།
སད་དང་སེར་བས་ལོ་ཐོག་བཅོམ།།
ནད་དང་མུ་གེའི་འཇིགས་པ་མང་།།
ལེགས་ཉེས་འབྱེད་པའི་བློ་མིག་ལྡོངས།།
 
ལྷ་འདྲེའི་གསོལ་མཆོད་རླུང་རྟ་དར།།
གྲུབ་མཐའི་ཕྱོགས་ཞེན་མེ་ལྕེ་འབར།།
ཆོས་ཀྱི་སྙིང་པོ་ཐལ་བར་གྱུར།།
དམ་པའི་ལུགས་ཀྱི་མཆོད་སྡོང་རུལ།།

ཆོས་རྒྱལ་མཇལ་བའི་འདས་ལོག་དང་།།
གཤིན་པོ་མཐོང་བའི་མངོན་ཤེས་ཅན།།
རང་སྐུང་དངོས་རྫས་གཏེར་སྟོན་སོགས།།
རྨོངས་པའི་དབུ་ལ་གདུགས་ལྟར་འཁོར།།

ཆབ་སྲིད་ཀ་བ་ཐང་ལ་འགྱེལ།།
དཔལ་འབྱོར་རིག་པ་འདམ་དུ་ཟུག།
རིག་གནས་པ་ཡིས་ཚེ་མཐའ་བསྡུས།།
རིག་གཞུང་ནང་དུ་དུག་ཆུས་བསླད།།

སྡོད་ཐབས་བྲལ་བས་ཕྱི་ལ་གྱར།།
འཐབ་རྩོད་ཐུག་པ་ནང་དུ་བསྐོལ།།
མགོ་གཉིས་པ་ཡིས་ཌ་རུ་དཀྲོལ།།
མཐུན་སྒྲིལ་ལག་ཟུང་རིམ་གྱིས་ལྷོད།།

མེས་པའི་ཞབས་རྗེས་འཚོལ་ན་ཡང་།།
ལོག་སྤྱོད་དད་པའི་ཐོ་བས་རྡུང་།།
རྒྱུག་ཁྱིའི་ཐག་པ་སྐེ་ལ་འདོགས།།
རྗེས་འབྲངས་པ་ཡི་ཆོ་ལོ་བསྩལ།།

བྱས་རྗེས་འཇོག་པའི་མཐུ་མེད་ཀྱང་།།
ཞེན་པ་དཀར་པོ་རིགས་ལ་ཆགས།།
རོ་རུལ་འབུ་ཡིས་བཟས་ཀྱང་རུང་།།
རྣམ་ཤེས་ཕྲ་མོ་རུས་ལ་འབྱར།།
             
ཕྱི་ལོ་ ༢༠༢༡/༡/༡༡ ཉིན།

ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།