རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 12 February 2021

ཐོན་ལ་ཉེ་བའི་དེབ་གསར་འོས་སྦྱོར།


བྱས་པའི་ལས་ལ་བསྒྲུབས་པའི་མཐའ་ཞིག་དགོས། ཞེས་ཟེར་སྲོལ་ཡོད་པ་ལྟར། དུས་རབས་ཀྱི་འགྲོས་ཁ་དང་རྗེས་སུ་བསྟུན་སྟེ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་ལ་ཉེ་བའི་སློབ་དཔོན་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས། ལོ་ངོ་དུ་མའི་རིང་དཀའ་སྤྱད་འབད་འབུངས་འཕུལ་ཕྱིན་གནང་བ་བརྒྱུད། འདི་ལོ་བོད་གངས་ཅན་ལུགས་ཀྱི་གནམ་ལོ་གསར་ཚེས་ཀྱི་བགྲང་བྱའི་ཉག་མ་དང་པོར། ཉིད་ཀྱིས་བརྩམས་པའི་མཐར་ཕྱིན་བརྩམས་ཆོས་ཁག་གསུམ་སྟེ། 

   དཔྱད་རྩོམ་ཕྱོགས་བསྒྲིགས་«དཔེ་ཀློག་ཟིན་བྲིས།» བརྩམས་སྒྲུང་ཕྱོགས་བསྒྲིགས་«གྲིབ་ནག་ཁྲོད་དུ།» སྙན་ངག་ཕྱོགས་བསྒྲིགས་«སྟོང་པ་ཉིད་ཀྱི་ལོ་ཟླ།»བཅས། མི་རིང་བར་འཛམ་གླིང་མི་ཡུལ་འདིར་གསར་དུ་བཞད་རྒྱུ་ཡིན་པར་གསུངས་འདུག་པས། འཆི་སྲོག་གི་འགག་ལ་ཐུག་པའི་རང་རེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འདི་ལོངས་སྤྱོད་ཙམ་མ་ཡིན་པར། དོན་དམ་པའི་སྐད་ཡིག་གི་མཁའ་དབུགས་དགུང་ལ་འདེགས་པའི་སྲི་ཞུ་ལྷད་མེད་ཅན་ཁོང་གི་བརྩམས་ཆོས་འདི་དག་ལ། རང་རེ་བྷོ་ཊ་ཧི་མཱ་ལ་ཡའི་མི་རིགས་རྣམས་ཀྱིས་ཅི་ནས་ཀྱང་དགའ་བསུའི་ཐལ་སྒྲ་རབ་ཏུ་ནས་ཀྱང་ཤིན་ཏུ་སྒྲོག་པར་འོས་པ་ཞིག་རེད་ལགས་ན། འདི་ག་ངེད་དྲྭ་བས་ཁོང་ལ་དགའ་བ་འབུམ་གྱིས་འཚམས་འདྲི་གྲངས་མེད་ཞུ་ཞིང་། ཁོང་གི་གསུང་རྩོམ་དེ་དག་འགྲོ་དོན་རྒྱ་ཆེར་ཡོང་བའི་སྨོན་འདུན་ཞུ་བ་དང་། རྒྱ་ཆེའི་ཀློག་པ་པོ་དག་གིས་ཀྱང་ཁོང་གི་བརྩམས་ཆོས་དེ་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གང་མང་རེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ།



རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
བསྟན་འཛིན་ཆོས་འཕེལ་ལགས་ཁོང་ནི། བལ་ཡུལ་བྱང་ཕྱོགས་དོལ་པོ་རྫོང་གི་ཀོ་མང་ཞེས་པའི་ཡུལ་དུ་སྤྱི་ལོ་ ༡༩༩༤ ལོར་སྐྱེས་ཤིང་། ལོ་ངོ་ལྔ་དྲུག་ཙམ་ནས་རང་གི་ཕ་རྒན་མདུན་ནས་ཀ་ཁ་ངོ་འཕྲོད། དེ་ནས་དོལ་པོ་བླ་མ་དམར་སྒོམ་ཚེ་རིང་བཀྲ་ཤིས་སྐུ་མདུན་སློབ་གཉེར་མི་དམན་པ་བྱས་ཤིང་། ༢༠༠༥ ལོར་བྱེས་ཀྱི་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་འཛུལ་ཞུགས་ཀྱིས། གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། རྒྱལ་སྲས་ལག་ལེན་དང་བཤེས་སྤྲིངས་སོགས་ལ་སྦྱངས་པ་མཐར་ཕྱིན། ༢༠༡༠ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་འཛུལ་ཞུགས་ཀྱིས་ལོ་ངོ་བཅུ་གཅིག་རིང་། ཉིན་མཚན་གཡེལ་བ་མེད་པར་དཀའ་སྤྱད་འབད་བརྩོན་དྲག་པོས་བསླབ་པ་སློབ་གཉེར་གནང་བའི་ཁྲོད། «སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་»དུ་རྩོམ་སྒྲིག་པའི་བྱ་བ་ལོ་དྲུག་གཉེར། སྔ་ཕྱིར་དུས་དེབ་«པདྨའི་རང་མདངས་»དང་«སྨྱུག་སྡེ་»སོགས་སུ་སྙན་ངག་དང་། སྒྲུང་གཏམ། དཔྱད་རྩོམ། ལོ་རྒྱུས་སོགས་རྩོམ་ཡིག་བཅུ་ཕྲག་ལས་བརྒལ་བ་སྤེལ་ཡོད་པ་དང་། «ཡང་བསྐྱར་ཁྱེད་རང་བཀླགས་པ།»ཞེས་པའི་བསྟོད་རྩོམ་དེར། དུས་དེབ་པདྨའི་རང་མདངས་འདོན་ཐེངས་དང་པོ་ནས་ཉེར་བདུན་བར་གྱི་«ལེགས་རྩོམ་གཅེས་བཏུས་»ནང་ནས་སྙན་རྩོམ་ཨང་གཉིས་པ་སོགས། བསྟོད་རྩོམ་དེར་ཐེངས་སྔ་ཕྱི་གཉིས་ཙམ་བྱ་དགའ་འཐོབ་ཡོད་པ་དང། ད་རེས་བསླབ་པ་མཐར་སོན་ལ་ཉེ་བའི་དུས་དང་བསྟུན། མཐར་ཕྱིན་བརྩམས་ཆོས་ཁག་གསུམ་ཙམ་བརྩམས་པ་ལེགས་པར་གྲུབ་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་འདི། སྨྱུག་སྡེ་དུས་དེབ་འདོན་ཐེངས་དྲུག་པ་ལས་དྲངས་ཤིང་ཅུང་ཟད་གསར་སྣོན་བགྱིད་དགོས་པ་དག་ཁ་གསབ་བྱས་པའོ།།

_______________
ཡོང་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།