འབྲི་གུང་སྤྲོ་ཚེ།
རང་གཞན་སེམས་པ་ལྷོད་ལ་བབ་པའི་ཆེད།།
ཐབས་མཁས་སྣ་མང་དཀའ་བརྒྱའི་འབྲས་བུ་ལས།།
སེམས་ཀྱི་གསང་བ་ཡོངས་རྫོགས་རྟོགས་པའི་མཐར།།
མཐའ་ཡས་འགྲོ་ལ་དེ་ཉིད་བསྟན་མཛད་པའི།།
ཟླ་མེད་དོན་ཀུན་གྲུབ་པར་གསོལ་བ་འདེབས།།
ལུམ་བིའི་ཚལ་དུ་མི་ཡི་སྐུར་ཕེབས་ནས།།
ཞག་བདུན་རྗེས་སུ་དྲིན་ཆེན་མ་ཡུམ་འདས།།
མ་ཡི་གཅུང་མོ་སྐྱེ་དགུའི་བདག་མོ་ཡིས།།
བྱམས་བརྩེའི་གསོ་སྐྱོང་འོག་ནས་སྐུ་ན་སྨིན།།
མཚན་དཔེའི་དཔལ་ལྡན་སྲས་ལ་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
དྲང་སྲོང་ཉོན་མོངས་མེད་ཀྱི་ལུང་བསྟན་དེས།།
ཡབ་རྗེས་ཟས་གཙང་ཐུགས་སེམས་མི་བདེ་བར།།
སྲས་མཆོག་འཁོར་བའི་སྡུག་བསྔལ་མི་མཐོང་ཆེད།།
མཁར་གྲོང་གསར་དང་མེ་ཏོག་གླིང་ཁ་བཙུགས།།
ཕོ་བྲང་གཅེས་ནོར་གྱུར་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
གཞོན་ནུའི་དུས་ནས་བྱམས་དང་བརྩེ་བས་ཕྱུག།
གནད་དོན་ཀུན་ལ་དྲི་བ་མང་མཛད་ཅིང་།།
རིག་བྱེད་གཞུང་སོགས་རིག་པའི་གནས་ཀུན་ལ།།
བརྩོན་པས་སྦྱངས་པས་ལེགས་པར་བྱང་གྱུར་ཅིང་།།
ལྷག་པར་གླིང་བུར་མཉེས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
མེ་ཏོག་གླིང་དུ་མཛེས་མའི་འདོད་ཡོན་ལ།།
སྤྱོད་ཕྱིར་རྒྱལ་པོས་ཐབས་ཀྱིས་བཏང་ན་ཡང་།།
མཛེས་མའི་ལུས་དང་ཆང་གིས་མ་བཟི་བར།།
བུད་མེད་རྣམས་ལ་རང་ལུས་རང་དབང་གནང་།།
ཕོ་མཆོག་མོ་དམན་གཏོར་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
མདའ་དང་རྟ་རྩལ་དབྱུག་རྩལ་ལ་སོགས་ལ།།
ཐུགས་ཀྱིས་དབུས་ནས་མཉེས་པ་མེད་ན་ཡང་།།
ཡབ་ཡུམ་འདུན་པ་སོགས་དང་ལྷག་པར་དུ།།
ལུས་སེམས་གཉིས་མེད་ཡིད་འོང་ས་མཚོའི་ཆེད།།
རྣམ་པར་རྒྱལ་བའི་སྲས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
སེམས་ཀྱི་རང་གཤིས་བརྩེ་བའི་ས་བོན་དེར།།
གྲགས་འཛིན་མ་ཡི་ལྷད་མེད་བརྩེ་དུང་ཆུས།།
བསྐལ་མང་སྨོན་ལམ་སྟོབས་ཀྱིས་བརླན་པ་ཡིས།།
རྒྱལ་སྲས་ཐུགས་དགྱེས་བརྩེ་དུང་མྱུ་གུ་བུད།།
བརྩེ་སེམས་འོ་ཆུ་འདྲེས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
གསལ་རྒྱལ་ཧམ་སེམས་མཆོད་རྟ་སེར་སྐྱས་བཟུང་།།
དྲག་པོའི་གཡུལ་དུ་ཟས་གཙང་ཕམ་ལ་ཁད།།
རྒྱལ་སྲས་དོན་གྲུབ་ཐབས་མཁས་བློ་རིགས་ཀྱིས།།
རྒྱལ་ཁའི་རྟགས་མ་བླངས་ནས་ཞི་མཐུན་གྱུར།།
སྟོབས་ལྡན་བློ་གྲོས་ཅན་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
སྙིང་གི་ལྷ་མོ་བརྩེ་བའི་གྲགས་འཛིན་མར།།
གཉེན་སྒྲིག་དགའ་སྟོན་ཕྱོགས་བཞིའི་རྒྱལ་པོ་བོས།།
ཡངས་ཅན་མཛེས་མ་ཨ་མྲ་སྐྱོང་མ་ཡིས།།
མཛེས་མའི་སྒེག་ཉམས་སྒྱུ་རྩལ་བསྟན་ན་ཡང་།།
ཐུགས་སེམས་ས་མཚོ་གནས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
གཉེན་སྒྲིག་ཆོ་གའི་མཛད་སྒོ་གྲུབ་པའི་མཐར།།
ཕོ་བྲང་ནང་ནས་ཕྱིར་འགྲོའི་རང་དབང་ཐོབ།།
མངའ་འབངས་སྡུག་བསྔལ་མང་པོས་ཟིན་མཐོང་ཚེ།།
རང་དབང་མེད་པར་སྙིང་རྗེ་དྲག་ཏུ་ཕྱུར།།
གཞན་ཕན་འབའ་ཞིག་སྒྲུབ་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
སྙིང་གི་ཆུང་མ་ས་མཚོར་མངལ་འཁོར་བས།།
རྒྱལ་སྲས་དགའ་བའི་སེམས་པ་བརྗོད་ལས་འདས།།
དེ་ཉིད་ཡབ་ཡུམ་གཉིས་ལ་ཞུ་ཕྱིར་ཕྱིན།།
སྐབས་དེར་མ་ཡུམ་གཤེགས་པའི་གསང་བ་ཤེས།།
ཐར་ལམ་བཙལ་འགོ་ཚུགས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
གསལ་རྒྱལ་བདུད་རྩི་ཟས་ཀྱིས་གཡོ་ཐབས་འོག།
ང་རྒྱལ་དུག་གིས་ཁེངས་ནས་སེར་སྐྱའི་གྲོང་།།
དྲག་པོའི་དམག་གིས་བཅོམ་ཡང་རྒྱལ་སྲས་ཀྱིས།།
གཟུགས་ཅན་སྙིང་པོར་གྲོགས་སྒྲིག་སེར་སྐྱ་བསྐྱབས།།
རྒྱལ་ཁམས་ཞི་བདེས་སྐྱོང་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
ཨ་ནེ་དཔལ་འོད་གཡོ་ཐབས་ངན་སེམས་དེ།།
དོན་གྲུབ་རབ་ཏུ་བྱུང་བའི་གྲོགས་སུ་གྱུར།།
དཀའ་ཐུབ་སྤྱོད་པའི་དམ་པ་མང་མཛལ་བས།།
ཞི་བའི་གོ་འཕང་འཚོལ་འདོད་བྲེལ་བས་བཟི།།
འཇིག་རྟེན་སྙིང་པོ་མེད་གཟིགས་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
སྐུ་ཡི་སྲས་མཆོག་སྒྲ་གཅན་ཟིན་དེ་འཁྲུངས།།
བྲམ་ཟེའི་དམར་མཆོད་མཆོད་འབུལ་དེ་ཉིད་དོར།།
ཞི་བདེ་བག་ཕེབས་མི་དང་དུད་འགྲོ་ལ།།
འདྲ་མཉམ་དགོས་པའི་བཀའ་མོལ་རྒྱུན་མི་ཆད།།
འཇིག་རྟེན་བདེན་སྐྱོང་མགོན་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
སྙིང་སྡུག་ས་མཚོར་ཞི་བ་འཚོལ་ཆེད་དུ།།
དམ་པའི་ལམ་དུ་བཞུགས་རྒྱུའི་གནང་བ་ཞུས།།
ཞི་བ་ཐོབ་ན་སླར་ཡང་སེར་སྐྱ་རུ།།
ཡོང་བའི་དམ་བཅའ་གནང་ནས་མཚན་མོ་རུ།།
སེར་སྐྱའི་གནས་ལས་གཤེགས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
ཨ་ནོ་གཙང་པོའི་འགྲམ་ནས་དབུ་སྐྲ་བྲེགས།།
སྔགས་ལྡན་འདུན་པ་སེར་སྐྱའི་གྲོང་ལ་བཏང་།།
རྔོན་པའི་ལག་ནས་ངུར་སྨྲིག་གོས་བཟང་བླུས།།
རིང་ཕུར་ལ་སོགས་དྲང་སྲོང་མང་བསྟེན་ནས།།
ཏིང་འཛིན་གོང་འཕེལ་གྱུར་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
ལྔ་སྡེ་བཟང་དང་གྲོགས་ནས་དཀའ་ཐུབ་སྤྱད།།
མཐར་ལྷུང་དཀའ་ཐུབ་ཡང་དག་མིན་མཐོང་ནས།།
ལེགས་བསྐྱེད་མ་ཡི་བསོད་སྙོམས་ལ་བསྟེན་ནས།།
ལུས་སེམས་གཟི་བྱིན་རྒྱས་ནས་ཏིང་འཛིན་རོལ།།
རྫོགས་པའི་བྱང་ཆུབ་བརྙེས་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
གཱ་ཡའི་བྱིས་པ་ནས་བཟུང་ཉམ་ཐག་དང་།།
ང་རྒྱལ་དྲེགས་པས་ཟིན་པའི་རྒྱལ་པོ་དང་།།
རིགས་བྱེད་གཞུང་ལ་བྱང་བའི་བྲམ་ཟེའི་ཚོགས།།
ང་རྒྱལ་བཅག་ནས་བདེན་པའི་ལམ་བཟང་བསྟན།།
ཀུན་གྱི་དཀོན་མཆོག་གྱུར་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
ཉན་ཐོས་འོད་སྲུང་ཤཱ་རི་མོ་འགལ་བུ།།
སྐུ་སྲས་སྒྲ་ཅན་ཟིན་དང་སྐྱེ་དགུའི་བདག།
ཆུང་མ་ས་མཚོ་མ་སོགས་དགེ་སློང་དང་།།
དགེ་སློང་མ་ཡི་སར་བཀོད་བཀའ་དྲིན་ཅན།།
སངས་རྒྱས་ཤཱཀ་ཐུབ་མཆོག་ལ་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
བརྩེ་ཅན་སྐྱེ་དགུའི་བདག་དང་ས་མཚོ་མ།།
གཡོ་ཅན་བཙུན་མོ་དཔལ་དང་ལྷས་སྦྱིན་དང་།།
དྲེགས་ཅན་མ་སྐྱེས་དགྲ་དང་གསལ་རྒྱལ་དང་།།
མཁས་པ་བྲམ་ཟེའི་ཚོགས་དང་དམངས་གདོལ་རྣམས།།
གཅིག་སྐྱོང་གོའུ་ཏ་མ་དེར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
བསོད་སྙོམས་བསླངས་ནས་ཁྱིམ་པའི་མཆོད་སྡོང་གྱུར།།
གནས་ལུགས་བསྟན་ནས་སྐལ་ལྡན་ཞི་བདེར་བཀོད།།
བདེན་དོན་བརྩད་ནས་མཁས་བརྒྱའི་གཙུག་རྒྱན་གྱུར།།
འགྲན་གྱིས་ཟླ་མེད་འཇིག་རྟེན་སྒྲོན་མེ་མཆོག།
འཕགས་པ་ཤཱཀྱའི་རྒྱལ་པོར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
ཟས་ཀྱི་ཐ་མ་ཙུནྡའི་ལག་ནས་བཞེས།།
སློབ་མ་ཐ་མ་རབ་བཟང་དགེ་སློང་སྒྲུབ།།
རྩྭ་མཆོག་གྲོང་ནས་འཛམ་གླིང་ཉི་མ་མཆོག།
གཟུགས་སྐུའི་དཀྱིལ་འཁོར་ཡོངས་སུ་ནུབ་པ་ཡི།།
དེ་བཞིན་གཤེགས་པ་ཉིད་ལ་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
གང་གི་སྐུ་གདུང་འཛམ་གླིང་མཆོད་སྡོང་གྱུར།།
གང་གི་ཞལ་གསུང་འཇིག་རྟེན་མིག་ཟུང་གྱུར།།
གང་གིས་ཞབས་བཅག་རྩ་ཆེན་གནས་མཆོག་གྱུར།།
གང་གིས་བྱམས་པས་སྐྱེ་འགྲོར་བདེ་སྐྱིད་བསྐྲུན།།
བཅོམ་ལྡན་ཐུབ་པ་ཆེན་པོར་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
ཁྱེད་ནི་སྟོན་པའི་ནང་གི་སྟོན་པ་མཆོག།
ཁྱེད་གསུང་ཆོས་ཀྱི་ནང་ནས་ཡང་དག་མཆོག།
ཁྱེད་ནི་སྐྱེ་འགྲོ་ཀུན་གྱི་དཀོན་མཆོག་ཉིད།།
དཀོན་མཆོག་གསུམ་གྱི་བདག་ཉིད་སྟོན་པ་སྟེ།།
མེ་ཏོག་ཕོག་པའི་ལྷ་ལ་གསོལ་བ་འདེབས།།
རང་སེམས་ཞི་བར་གནས་པར་བྱིན་གྱིས་རློབས།།
༢༠༢༡།༠༢།༡༡ ཉིན་སྤྲོ་ཚེས་སོ།།
_______________
ཡོང་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-སྟོན་པ་གོའུ་ཏ་མར་གསོལ་བ་འདེབས་པ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།