འོད་འཛིན། བོད།
གནའ་བོའི་དཔེ་རྙིང་ནང་ན་མིང་བརྡ་འགའ་རེ་དང་། ཚིག་ཕྲད་ཁ་ཤས། བྱ་ཚིག་རེ་འགའ་དིང་སང་གི་འབྲི་ལུགས་སྦྱོར་སྲོལ་དང་ཅུང་ཟད་མི་འདྲ་བས། མང་པོ་ཞིག་གིས་ཡིག་ནོར་ཁོ་ནར་བརྩིས་ཏེ་བཟོ་བཅོས་གཏོང་བཞིན་མཆིས་མོད། དེ་དག་ནི་གནའ་དིང་གི་སྐད་ཡིག་གི་འགྱུར་བ་ཙམ་དུ་ཟད་པས་ཡིག་ནོར་ཁོ་ནར་བརྩི་མི་རིགས་ལ། བཟོ་བཅོས་ཀྱང་ཇི་དགར་མ་གཏོང་ན་ཡག བརྒྱ་ལ་གོ་བདེ་བའི་སླད་ཏོག་ཙམ་པ་རེ་ངེས་པར་དུ་བཅོས་དགོས་པའི་དབང་དུ་ན། མཆན་རྟགས་ཀྱི་ཚུལ་དུ་བཅོས་པ་ལས་རྩད་བཅོས་མ་བྱས་ན་དགེ་མཚན་ཆེ་བར་མཐོང་། སྐད་ཡིག་དང་ལོ་རྒྱུས་སོགས་རིག་ཚན་དེ་རིགས་ཀྱི་ཆེད་ཞིབ་པ་དག་གིས་ཐ་སྙད་རེ་རེའི་གསེང་ནས་དཔྱད་འབྲས་ཅི་རིགས་མཆིས་པའི་དཔྱད་གཞི་རེ་ལོན་སྲིད་ཅིང་། ཁོ་ཚོར་མཚོན་ན་གནའ་དིང་གི་མིང་ཚིག་རྗོད་པ་རེ་རེ་ཡི་འབྲི་ལུགས་སྦྱོར་སྲོལ་རེ་རེ་གནད་འགངས་ཨ་ཅང་ཆེ་བས། བཟོ་བཅོས་མཁན་པོ་དག་གིས་གང་དགར་སྙུག་རྩེ་བསྐོར་ཏེ་ཆོ་མེད་པའི་བསྒྱུར་བཅོས་ཀྱི་གྲུང་མདོག་མ་བསྟན་ན་ལེགས་སྙམ་མོ།།
དེས་ན་གནའ་དཔེའི་ནང་དུ་དིང་སང་གི་འབྲི་ལུགས་སྦྱོར་སྲོལ་ལྟར་ན་བསྡ་སྤྲོད་དང་འགྲོས་མི་མཚུངས་པ་ཅི་རིགས་ཤིག་མཆིས་མོད། རེ་རེ་ནས་སྨྲོས་པའི་ངལ་བ་མ་སྤྲོས། མཚོན་ཙམ་སྨྲོས་ན། གནའ་དཔེའི་ནང་དུ་ཚིག་ཕྲད་ཅིང་ཞིང་ཤིང་སོགས་ཕལ་ཆེ་བ་ཁྲི་ཆེན་དགེ་འདུན་རིན་ཆེན་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེ། གསེར་ཏོག་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་མཛད་པ་ལྟར་རྗེས་འཇུག་ལ་ལྟོས་དགོས་ཤིང་ཕྲད་གཞན་དབང་ཅན་ལྟར་བཀོལ་མེད་ཅིང་། “ཞེས་”སོགས་ཀྱི་ཚབ་ལ་མང་ཕྱོགས“ཅེས”དང་། “ཞིག་”སོགས་ཀྱི་ཚབ་ལ་མང་ཕྱོགས“ཅིག་”ཏུ་བཀོལ་འདུག་ལ། སྐབས་འགའ་རེར་ཕྲད་རང་དབང་ཅན་ལྟར་ཇི་དགར་དུ་བཀོལ་འདུག་པའང་མང་། རང་རེར་ཡོད་པའི་བསྟན་བཅོས་ཁྲོད་དུ་སློབ་དཔོན་ཐུ་མིས་ནི་ཚིག་ཕྲད་འདིའི་རྣམ་གཞག་ལོགས་སུ་གསུངས་མེད་པས་ན། བལྟས་ཚོད་ལ་གནའ་སྔ་མོར་ཚིག་ཕྲད་ཅིང་སོགས་ཀྱི་མིང་མཐའི་ཐོབ་ཐང་གི་སྦྱོར་ཚུལ་དེ་སོགས་ཕལ་ཆེར་མེད་པ་ཨེ་ཡིན་སྙམ་པ་བྱུང་། འོན་ཀྱང་ཆེད་དཔྱད་བྱས་མེད་པས་ཡོད་མེད་ཀྱི་ཐག་གཅོད་བྱེད་པའི་སྤོབས་པ་ནི་མ་མཆིས།
ད་རུང་། གནའ་དཔེའི་ཁྲོད་ན་སྔོན་འཇུག་གི་ཤིན་ཏུ་མོ་མ་འཕུལ་དང་། མོ་ཡིག་འ་འཕུལ་གཉིས་གོ་ལྡོག་སྟེ་བྲིས་འདུག་ཅིང་། དེ་གཉིས་ཀྱི་འཇུག་པའི་བསྟན་དོན་ཕལ་ཆེ་བ་ཞིག་ལ་ཁྱད་པར་ཡང་མེད་པ་འདྲ། དཔེར་ན། མཁར་གསིལ་དང་འཁར་གསིལ། མཁོ་དགུ་དང་འཁོ་དགུ། མཁོན་སེམས་དང་འཁོན་སེམས། མགར་བ་དང་འགར་བ། དཔེ་མཁྱུད་དང་དཔེ་འཁྱུད། མགུར་གླུ་དང་འགུར་གླུ། མགོ་བརྩམས་པ་དང་འགོ་བརྩམས་པ། མགྱོགས་མྱུར་དང་འགྱོགས་མྱུར། མགྲོན་པོ་དང་འགྲོན་པོ། མ་མཆིས་པ་དང་མ་འཆིས་པ། མཆེ་བ་དང་འཆེ་བ། ཡབ་མཆེད་དང་ཡབ་འཆེད། མཆན་བུ་དང་འཆན་བུ། མི་མཇེད་དང་མི་འཇེད། བླ་མ་མཇལ་དང་བླ་མ་འཇལ། མཐུག་པོ་དང་འཐུག་པོ། མཐུན་པོ་དང་འཐུན་པོ། མཐོ་གང་དང་འཐོ་གང་། མཐོན་པོ་དང་འཐོན་པོ། མདུན་པ་དང་འདུན་པ། རྟ་མདོ་བ་དང་རྟ་འདོ་བ། སྐུ་མཚམས་བཅད་དང་སྐུ་འཚམས་བཅད། ངོ་མཚར་དང་ངོ་འཚར། ཕྱག་མཚལ་དང་ཕྱག་འཚལ། མཚེ་བ་དང་འཚེ་བ། མཛུབ་མོ་དང་འཛུབ་མོ་ལ་སོགས་ཀྱི་སྔོན་འཇུག་མ་དང་འ་གཉིས་ཇི་དགར་བཀོལ་བའང་མཆིས་མོད། གོང་འཁོད་ཀྱི་དེ་དག་ལས། མཁར་དང་། མཁོན་དང་། མགར་དང་། མགོ་དང་། མདུན་དང་། མདོ་དང་། མཚལ་དང་། མཚེ་སོགས་ཉུང་ཤས་ཤིག་མ་གཏོགས་ཕལ་ཆེ་ཕྱོགས་འ་འཕུལ་ཅན་ཤ་སྟག་ཏུ་སྣང་བས། སྐབས་དེ་དག་ཏུ་ས་པཎ་གྱིས་གསུངས་པའི“དྲུང་དུ་མཇལ་བ་མ་མཇལ་ལ། །བུ་ལོན་འཇལ་བ་འ་འཇལ་ཡིན”བྱ་བའི་མ་འཕུལ་དང་འ་འཕུལ་གྱི་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འཕྲིན་ལས་དེ་འདྲ་མ་རྒྱས་པ་ཡིན་ནམ། དེ་ལྟའི་བསྟན་བཅོས་ཤིག་འཇིག་རྟེན་དུ་མ་འཁྲུངས་པ་ཡིན་ཅི་ཆ་སྟེ། གང་ལྟར་སྔོན་འཇུག་རེ་གཉིས་ལ་གཏན་ཁེལ་གྱི་སྦྱོར་སྲོལ་ཞིག་མི་འདུག
དེ་བཞིན་དུ་རྔོག་ལོས་མཛད་པའི་“ག་གསོད་སྲོག་ནི་གཅོད་པ་སྟེ། །བ་བསོད་ཞིང་གི་བསོད་ནམས་སོ། །”བྱ་བའི་བསྟན་པའང་རྒྱས་མ་ཐུབ་སྟེ། ཕོ་ཡིག་བ་འཕུལ་དང་མ་ནིང་ག་འཕུལ་གཉིས་ཀྱང་གོ་ལྡོག་སྟེ་བྲིས་འདུག་པ་མང་དུ་གསལ། དཔེར་ན། ཡིད་ལ་བཅགས་དང་ཡིད་ལ་གཅགས། བཅུང་པོ་དང་གཅུང་པོ། བཅེན་པོ་དང་གཅེན་པོ། བཅེས་སྐྱོང་དང་གཅེས་སྐྱོང་། ཞབས་ལ་བཏུགས་དང་ཞབས་ལ་གཏུགས། འབྲིར་མ་བཏུབ་པ་དང་འབྲིར་མ་གཏུབ་པ། བཞད་མོ་དང་གཞད་མོ། ནང་དུ་བཞུག་དང་ནང་དུ་གཞུག བཞོལ་བ་དང་གཞོལ་བ། ལྡེར་བཟོ་མཁན་དང་ལྡེར་གཟོ་མཁན། མི་བཤིས་དང་མི་གཤིས། རབ་ཏུ་བཤེགས་དང་རབ་ཏུ་གཤེགས། ཆོས་བསན་དང་ཆོས་གསན། བསིལ་གྲིབ་དང་གསིལ་གྲིབ། བསིལ་ངད་དང་གསིལ་ངད། བསོ་སྐྱོང་དང་གསོ་སྐྱོང་། མི་བསོད་དང་མི་གསོད། བསོན་གཤིན་དང་གསོན་གཤིན་སོགས་ལྟ་བུ། དིང་སང་གི་བརྡ་དག་ཏུ་བསྟན་པ་ལྟར་མ་ཡིན་ལ། བ་འཕུལ་དགོས་སར་དང་ག་འཕུལ་དང་། ག་འཕུལ་དགོས་སར་བ་འཕུལ་སྦྱར་འདུག་པས་འདི་རིགས་ཀྱང་གནའ་དིང་གི་འབྲི་ལུགས་ཀྱི་རྣམ་འབྱེད་ཅིག་གོ།
ཡང་། གནའ་དཔེའི་ཁྲོད་ན“ཞུགས”དང་། “ཕྱིན”དང་། “ཕེབས”དང་། “ཐོབ”དང་། “ལོག”དང་། “བྱོན”དང་། “འགྲོ”དང་། “བསྡད”དང་། “བཞུགས”དང་། “སླེབ”སོགས་ལྟ་བུའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དག་ལའང་བྱེད་སྒྲ་སྦྱར་འདུག་པ་རབ་ཏུ་མང་། དཔེར་ན་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་དུ“དགེ་སློང་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་བདག་གིས་ཟླ་བ་བཅུ་གསུམ་གྱི་བར་དུ་གཟིངས་ཀྱི་ནང་དུ་ཞུགས་ནས། བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན”ཅེས་དང་། ཨོ་རྒྱན་པ་ངག་དབང་རྒྱ་མཚོའི་ལམ་ཡིག་ཏུ“གྲོགས་མེད་གཅིག་པུར་ང་ཡིས་ཕྱིན”ཅེས་དང་། མར་པ་ལོ་ཙཱ་པའི་རྣམ་ཐར་དུ“པཎྜི་ཏས་རྒྱ་གར་དུ་ཕེབས”ཞེས་དང་། མན་ལུང་གུ་རུའི་ལམ་ཡིག་ཏུ“ཐེག་ཆེན་ཆོས་རྗེས་ཕེབས་དུས་སུ”ཞེས་དང་། བུ་སྟོན་རིན་པོ་ཆེའི་རྣམ་ཐར་དུ“སློབ་དཔོན་པས་མཁས་པའི་གྲགས་པ་ཐོབ”ཅེས་དང་། ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་དུ“ཆོས་རྗེ་འཁོར་བཅས་ཀྱིས་ཛ་ག་དྷ་ལར་ཕར་ལོག་པའི་ལམ་ལ་ཞག་ཁ་ཅིག་གིས་བྱོན”ཅེས་དང་། ལོ་ཆེན་རིན་བཟང་གི་རྣམ་ཐར་དུ“རང་རེ་རྗེ་འབངས་གཉིས་ཀྱིས་བྱོན”ཅེས་དང་། ཐུགས་སྲས་ལོ་ཙཱ་པའི་རྣམ་ཐར་དུ“ཡུམ་སྲས་གཉིས་ཀྱིས་ཡར་ལ་བྱོན”ཅེས་དང་། རྒྭ་ལོའི་རྣམ་ཐར་དུ“ངས་ནི་འགྲོ”ཞེས་དང་། ས་སྐྱའི་བསོད་ནམས་རྒྱལ་མཚན་གྱི་«རྒྱལ་རབས་གསལ་མེ་»རུ། “གཡས་ན་སྣ་ནམ་པ་རྣམས་ཀྱིས་བསྡད། གཡོན་ན་རྒྱ་རྣམས་ཀྱིས་བསྡད།” ཅེས་དང་། པཎྜི་ཏ་ནགས་རིན་གྱི་རྣམ་ཐར་དུ“དེ་བཞིན་གཤེགས་པས་གང་དུ་བཞུགས་”ཞེས་དང་། ཁྲོ་ཕུ་ལོ་ཙཱ་པའི་རྣམ་ཐར་དུ“གྲོ་མོ་བའི་བསུ་བའི་ཁྲོམ་ཆེན་པོས་སླེབས་”ཞེས་དང་། འགོས་ལོའི་རྣམ་ཐར་དུ་“ལྷ་པ་རྣམས་ཀྱིས་སླེབ་”ཅེས་སོགས་ཀྱིས་མཚོན་དེ་འདྲའི་ལས་ཚིག་གི་རིགས་ལ་བྱེད་སྒྲ་སྦྱར་བ་ཤིན་ཏུ་མང་བས། སྔོན་གྱི་ཚེ་ལ་རྟགས་ཀྱི་འཇུག་པའི་འགྲོས་ལྟར་བྱ་བྱེད་ཐ་དད་མི་དད་དམ། བྱེད་པ་པོ་དང་འབྲེལ་མི་འབྲེལ་གྱི་རྣམ་གཞག་ལ་དེ་འདྲའི་དོ་སྣང་མཛད་མེད་པ་འདྲ།
དེ་ལྟར། བྱ་བྱེད་ཐ་དད་པའི་ལས་ཚིག་སྟེ། སྐད་ཆ་སོགས་རྨེད་པའི་དོན། དྲི་བྱ། འདྲི་བྱེད། དྲིས་ཟིན། དྲིས་ཤིག་ཅེས་པའི་བྱ་ཚིག་ཡན་གར་བ་ཞིག་གནའ་བོར་ཕྱེ་མེད་པ་ཡིན་མིན་ཅི་ཆའང་། གནའ་དཔེའི་ཁྲོད་དུ་སྐད་ཆ་སོགས་དྲི་ཞེས་པའི་དུས་གསུམ་སྐུལ་ཚིག་དང་བཅས་པའི་ཚབ་ཏུ། སྐད་ཆ་སོགས་བྲི་བྱ། འབྲི་བྱེད། བྲིས་ཟིན། ཕྲིས་ཤིག་སོགས་སྤྱོད་འདུག་པ་ཅུང་ཙམ་མང་བས། བརྡ་སྤྲོད་ཞིབ་འཇུག་པ་ཚོས་དེའང་དཔྱད་གཞི་ཞིག་ཏུ་ངོས་འཛིན་མཛད་ན་ལེགས་པར་སྣང་ངོ་།།
ད་དུང་། གནའ་དཔེའི་ནང་དུ། སྟེང་ལ་སྟེངས། མང་ལ་མངས། ཉུང་ལ་ཉུངས། རིང་ལ་རིངས། བཟང་ལ་བཟངས། ཆུང་ལ་ཆུངས་སོགས་ཆོས་བརྗོད་པའི་མིང་གི་ནང་ནས་ང་རྟེན་ཅན་ཕལ་ཆེ་བར་ཡང་འཇུག་ས་ཡིག་འཇུག་འདུག་པ་དང་། དེ་ཞིན་དུ་ཡག་ལ་ཡགས་སོགས་ཆོས་བརྗོད་ཀྱི་ཐ་སྙད་ཁྲོད་ན་ས་མཐའ་ཅན་རབ་ཏུ་མང་བས། རིམ་གྱིས་སྐད་ཡིག་གི་འགྱུར་བ་དང་། ས་ཕུད་བླ་མ་ནོར་བུ་བསྟན་འཛིན་སོགས་ཀྱི་མཐུ་ཡིས། དིང་སང་ནི་དེ་ལྟའི་ཆོས་བརྗོད་པའི་མིང་ངམ་བྱ་ཚིག་ཙམ་པོ་བ་དག་གི་ས་མཐའི་འཇུག་པ་ནུབ་སྟེ་མེད་པར་གྱུར་སོང་བ་ཨེ་མིན་སྙམ་པ་བྱུང་།
ཡང་། མིང་གཞི་ཙ་ཡིག་ཅན་དག་ལ་ར་མགོ་བཏགས་ཡོད་པའང་མང་དུ་སྣང་། དཔེར་ན། ཅི་ཙམ་ལ་ཅི་རྩམ། རྗེ་བཙུན་ལ་རྗེ་བརྩུན། འབག་བཙོག་ལ་འབག་བརྩོག བཙན་པོ་ལ་བརྩན་པོ། དབུས་གཙང་ལ་དབུས་རྩང་། གཙིགས་ཆེ་བ་ལ་རྩིགས་ཆེ་བ། གཙོ་བོ་ལ་རྩོ་བོ། སོང་ཙ་ན་ལ་སོང་རྩ་ན། སྤྱི་གཙུག་ལ་སྤྱི་རྩུག བཙོན་ཁང་ལ་བརྩོན་ཁང་། བཙལ་ལ་བརྩལ། བརྡུངས་བཙོག་ལ་བརྡུངས་བརྩོགས། བཙོ་བསྲེག་ལ་བརྩོ་བསྲེག་སོགས་ལྟ་བུའོ།།
དེ་ག་ནང་བཞིན། གྲངས་བགྲངས་པའི་བགྲངས། ན་སོ་བགྲེས་པའི་བགྲེས། གཏམ་བགྲོ་བའི་བགྲོ། ས་མཐར་བགྲོད་པའི་བགྲོད་སོགས་ལ། བསྒྲངས་དང་། བསྒྲེས་དང་། བསྒྲོ་དང་། བསྒྲོད་སོགས་ལྟར་ས་མགོ་སྦྱར་ཡོད་པའང་ཤིན་ཏུ་མང་།
ཡང་དེ་ལྟར། གད་མོ་དགོད་ཀྱི་དགོད་ལ་རྒོད་དང་། དགོང་མོའི་དགོང་ལ་རྒོངས། དགུང་ལོའི་དགུང་ལ་རྒུང་སོགས་མིང་གཞི་ག་ཡིག་གིས་གྲུབ་པ་དག་ལའང་ར་མགོ་སྦྱར་འདུག་པའང་མང་དུ་མཐོང་།
དེ་བཞིན། དྭགས་དང་དྭངས་ལ་སོགས་པར་ཝ་ཟུར་མེད་པ་དང་། མནལ་ལམ་ཞེས་པར་རྣལ་ལམ་དང་། རྨི་ལམ་ཞེས་པར་རྨང་ལམ། འགྱོག་བྱམས་ཞེས་པར་དོ་ལི། འཇའ་ཚོན་ཞེས་པར་གཞའ་ཚོན། དུམ་བུ་ཞེས་པར་དུམ་པུ། འགའ་ཞིག་ཞེས་པར་གྷ་ཞིག འབའ་ཞིག་ཞེས་པར་བྷ་ཞིག བབ་ཅོལ་ཞེས་པར་བབ་བཅོལ། ཡིད་བཞིན་ཞེས་པར་ཡིད་སྦྱིན། བསམ་གཏན་ཞེས་པར་བསམ་བརྟན། ཤིང་རྟ་ཞེས་པར་ཤིང་སྟན། འོ་སྐོལ་ཞེས་པར་འུ་སྐོལ། ཕ་སྤད་ཅེས་པར་ཕ་པད། བར་ཆད་ཅེས་པར་བར་བཅད། གཙུག་ལག་ཁང་ཞེས་པར་གཙུག་ལྷ་ཁང་། སང་ཕོད་ཅེས་པར་སང་བོད། གློ་བུར་ཞེས་པར་བློ་བུར། རྟབ་རྟབ་པོ་ཞེས་པར་ཏབ་ཏབ་པོ། ཟླ་གམ་ཞེས་པར་ཟླ་ཁམ། འཚོལ་ཞེས་པར་ཚོལ། ཐོ་ཅོ་ཞེས་པར་ཐོ་ཆོ། ཕྱི་བདར་ཞེས་པར་ཕྱི་བརྡར། ཚར་གཅོད་པ་ཞེས་པར་ཚར་སྤྱོད་པ། བདམ་པོ་ཞེས་པར་ལྡམ་པོ། ན་བཟའ་ཞེས་པར་ནམ་བཟའ། གླུད་ཅེས་པར་བླུད། ཅོད་པན་ཞེས་པར་བཅོད་པན། དར་དཔྱངས་ཞེས་པར་དར་ཕྱངས། ཞལ་ཏ་ཞེས་པར་ཞལ་ལྟ། ནེ་ཙོ་ཞེས་པར་ནེ་ཚོ། གཟིངས་ཞེས་པར་རྫིངས། བརྒྱ་ཞེས་པར་རྒྱ། ཚོང་འདུས་ཞེས་པར་ཚོང་དུས། འཇའ་ས་ཞེས་པར་འཛྭ་ས། འོ་བརྒྱལ་ཞེས་པར་འོ་རྒྱལ། རིམ་པ་ཞེས་པར་རིམས་པ། བསྐྱེད་རིམ་ཞེས་པར་བསྐྱེད་རིམས། ཤིན་ཏུ་ཞེས་པར་ཤིན་དུ། ཇག་པ་ཞེས་པར་བྱག་པ། ཐུགས་དགྱེས་ཞེས་པར་ཐུགས་དགེས། སྤྱན་སྔ་ཞེས་པར་སྤྱན་མངའ། སྔོན་ཆད་ཅེས་པར་སྔན་ཆད། རེ་ཞིག་ཅེས་པར་རེ་ཤིག དེ་རིང་ཞེས་པར་དི་རིང་། ཐུགས་རྩིས་ཞེས་པར་ཐུགས་ཚིས། རྒྱུ་འགྲུལ་ཞེས་པར་རྒྱུ་འདྲུལ། སྐུ་ན་གཞོན་ཞེས་པར་སྐུ་ནས་གཞོན། ད་རེས་ཞེས་པར་དེ་རེས། ལན་ཞེས་པར་ལེན། སྒུག་ཅེས་པར་དགུག སྔོ་བསངས་ཞེས་པར་སྔོ་སངས། ཆད་ཅེས་པར་འཆད། སྔ་དྲོ་ཞེས་པར་སྔ་གྲོ། ཅེ་སྤྱང་ཞེས་པར་ལྕེ་སྤྱང་། ཆིབས་ཞེས་པར་ཕྱིབས། རྩད་གཅོད་ཅེས་པར་རྩད་སྤྱོད། ཞབས་ཏོག་ཅེས་པར་ཞབས་ཐོག པོ་ཏི་ཞེས་པར་སྤོ་ཏི་སོགས་དིང་སྐབས་ཀྱི་འབྲི་ལུགས་སྦྱོར་སྲོལ་དང་མི་མཐུན་པ་རབ་ཏུ་མོད་པས། གནའ་དཔེ་ལ་གཟིགས་རྒྱ་ཡངས་པ་ཚོས་ཤེས་མོད་ཀྱི། གནའ་དཔེར་དེ་འདྲའི་རྒྱུས་མེད་པ་དག་ལ་སྐབས་རེར་དེ་དག་ཀྱང་མགོ་འཁྲུག་པའི་རྐྱེན་དུ་འགྲོ་སྲིད་པས་འདི་གར་གསལ་ཁ་ཙམ་བསྟན་པ་དེ་ག་ལགས།
གཞན་ཡང་། མཚུར་ཕུ་ལ་འཚུར་ཕུ་དང་། འཚུར་པུ་དང་། མཚུ་ཕུ་སོགས་དང་། སྐྱིད་ཤོད་ལ་སྐྱི་ཤོད་དང་། སྐྱིད་ཤོངས་སོགས་དང་། ནཱ་ལེནྡྲ་ལ་ན་ལེན་ཊ་དང་། ན་ལནྜ་དང་། ནཱ་ལེནྡ་སོགས་ཀྱིས་མཚོན། མི་མིང་། ས་མིང་། རི་མིང་། ཆུ་མིང་སོགས་ལ་འབྲི་ལུགས་སྦྱོར་སྲོལ་ཤིན་ཏུ་མང་པོ་འདུག་ཅིང་། དེ་དག་ལ་ནི་བརྡ་སྤྲོད་གཞུང་ལུགས་སུ་འདི་ལྟར་འབྲི་དགོས་ཞེས་པའི་གཏན་ཁེལ་ཡང་ཅང་མེད་པས། འདིར་དམིགས་བསལ་གྱིས་རེ་རེ་བཞིན་གསལ་ཁ་བཏོད་མེད་དོ།།
ད་རུང་དིང་གི་འབྲི་སྲོལ་དང་མི་མཐུན་པ། ལ་སོགས་ལ་ལསྩོགས། བཙན་པོ་ལ་བཙད་པོ། མེད་ལ་མྱེད། དཀོན་མཆོག་ལ་དཀོན་ཅོག རིན་ཆེན་ལ་རིན་ཅེན། འཇིགས་པ་ལ་བསྙེངས་པ། ཐེ་ཚོམ་ལ་ནེམ་ནུར། སྐར་ཁུང་ལ་ཁྲ་མ། རྫོགས་སོ་ལ་རྫོགསྷོ། ཤིན་ཏུ་ལ་ཏེ་པོར། སྟོང་ཉིད་ལ་ཡེ་འབྱམས། བཤང་ལམ་ལ་གསང་ཁུང་། ནམ་ཡང་ལ་ནམ་ཞར། སྦས་པ་ལ་བཅབས་པ་དང་མཁྱུད་པ། གསང་ཚིག་ལ་སྨྲང་ཚིག སྙན་ངག་ལ་སྙན་དངགས་སོགས་རབ་ཏུ་མོད་ཀྱང་། དེ་དག་ནི་ཏུན་ཧོང་སོགས་ནས་ཐོན་པའི་ཡིག་རྙིང་དག་ལ་བརྟེན་ནས་དབུས་པ་བློ་གསལ་དང་། སྐྱོགས་སྟོན། ཨ་ལག་ཤ་སོགས་ཀྱིས་བརྡ་གསར་རྙིང་གི་རྣམ་པར་དབྱེ་སྟེ་ཡོངས་གྲགས་ལྟར་དུ་བཏང་འདུག་པས། འདི་གར་དེ་དག་གི་དཔེ་བརྗོད་བཀོད་པའི་ངལ་བར་མ་བསྟེན་ནོ།།
དེས་ན་གོང་འཁོད་ཀྱི་གནའ་ཡིག་གི་འབྲི་ལུགས་སྦྱོར་སྲོལ་དེ་དག་ཡིག་ནོར་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐུ་མི་སམྦྷོ་ཊས་ནི་བརྡ་སྤྲོད་གཞུང་ལུགས་ཀྱི་རྩ་བ་ཙམ་ལས་འབྲུ་རེ་རེ་གསལ་འགྲེལ་མཛད་པའི་བསྟན་བཅོས་གང་ཡང་ང་ཚོའི་ལས་སྐལ་དུ་མ་གནང་ཞིང་མ་ལྷག་ལ། དེ་ཕྱིས་སྔ་དར་སྐབས་ཀྱི་ཡིག་རྙིང་ཡང་ཁུངས་བཙན་པ་ཤིན་ཏུ་ཉུང་། ལྷག་ཏུ་བརྡ་སྤྲོད་སྐོར་ནས་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་མཛད་པར་གྲགས་པའི་«བརྡའ་དག་ལྡེ་མིག»ཅེས་པ་ཞིག་དང་། ལྕ་ཁྱི་འབྲུག་སོགས་ཀྱིས་མཛད་པར་གྲགས་པའི་«སྒྲ་སྦྱོར་བམ་གཉིས་»ཞེས་པ་དག་ལས་མེད་ཚོད་ལྟར་གྱུར། ཕྱི་དར་སྐབས་སུ་ཇོ་བོ་སྨྲྀ་ཏི་དང་། རྔོག་ལོ་དང་། ས་པཎ་སོགས་ཀྱིས་བསྡ་སྤྲོད་ཀྱི་སྐོར་ནས་བསྟན་བཅོས་བསྡུས་ཙམ་པ་རེ་གསུངས་གནང་མོད། འོན་ཀྱང་། ཐུན་མོང་སྤྱི་ལ་ཁྱབ་གདལ་དུ་གྱུར་པའི་འཕྲིན་ལས་དེ་འདྲ་མ་རྒྱས་པས། མིང་ཚིག་ཀུན་འདུས་ཀྱི་སྐད་བརྡ་རིག་པའི་སྒོ་ནས་ལོ་ཙཱ་པ་དང་པཎྜི་ཏ། ཡང་ན་སྔོན་གྱི་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་མཛད་མཁན་རེ་རེར་ཐུན་མིན་གྱི་འབྲི་སྲོལ་རེ་རེ་བྱུང་བ་དེ་ལའང་བསྙོན་དུ་མེད་ཅིང་། རིམ་བཞིན་སྐད་ཀྱི་འགྱུར་བ་དང་བསྟུན་ཏེ་ཡི་གེའི་འབྲི་ལུགས་སྦྱོར་སྲོལ་ལའང་འགྱུར་བ་གང་འཚམས་ཤིག་ཐེབས་པས། གནའ་ཡིག་དག་ད་ལྟའི་ཡི་གེའི་འབྲི་ལུགས་སྦྱོར་སྲོལ་དང་ཅུང་ཟད་མ་མཐུན་ཚེ་ནོར་བ་ཤ་ཚུགས་རྒྱུ་ཚུགས་སུ་བརྩི་མི་རིགས་སོ།། ༢༠༡༨/༦/༣༠
_______________
ཡོང་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཡིག་ནོར་དུ་བརྩི་མི་རིགས་པའི་གནའ་དཔེའི་ཁྲོད་ཀྱི་འབྲི་ལུགས་སྦྱོར་སྲོལ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།