རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 11 February 2021

​༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་​གསུམ་པ་བཞུགས་སོ།།​

ཀུན་མཁྱེན་དོལ་པོ་སངས་རྒྱས།


༄༅། །ཨོཾ་བྷུར་བྷུ་ཝཿསྭཱཧཱ། 
ན་མོ་དེ་བེ་བྷྱཿ སྭ་སྟི་པྲ་ཛཱ་བྷྱཿ སྭཱ་ཧཱ་རཱ་ཛ་བྷྱཿ 
སྭ་དྷཱ་སི་ཏྲི་བྷྱཿ​ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥ་ཌ་ཨིན་ཏྲ་ཡ།​

གང་ཞིག་གློ་བུར་བཅོས་མའི་ཆོས་ཀུན་གྱིས། །
སྟོང་པའི་གཞིར་གྱུར་གཉུག་མ་རང་བཞིན་ལ། །
ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །
མཁྱེན་བརྩེ་ནུས་མཐུས་ཁྱེད་ལ་བཀྲ་ཤིས་ཤོག །

གང་ཞིག་ཀུན་རྫོབ་ཕུང་པོ་རྣམ་དྲུག་གིས། །
སྟོང་པའི་གཞིར་གྱུར་དོན་དམ་ཕུང་པོ་དྲུག །
རྒྱལ་བ་རིགས་དྲུག་ཆ་མེད་ཀུན་འགྲོ་ཡི། །
བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །

གང་ཞིག་ཀུན་རྫོབ་ཁམས་རྣམས་ཐམས་ཅད་ཀྱིས། །
སྟོང་པའི་གཞིར་གྱུར་དོན་དམ་ཆོས་ཉིད་ཁམས། །
དེ་བཞིན་གཤེགས་མ་དྲུག་གི་ཐུགས་རྗེ་ཡི། །
བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །

གང་ཞིག་ཀུན་རྫོབ་དབང་པོ་ཐམས་ཅད་ཀྱིས། །
སྟོང་པའི་གཞིར་གྱུར་དོན་དམ་དབང་པོ་དྲུག །
བྱང་ཆུབ་སེམས་དཔའ་དྲུག་གི་མཁྱེན་བརྩེ་ཡི། །
བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །

གང་ཞིག་ཀུན་རྫོབ་གཟུགས་སོགས་ཡུལ་རྣམས་ཀྱིས། །
སྟོང་པའི་གཞིར་གྱུར་དོན་དམ་གཟུགས་སོགས་དྲུག །
བྱང་ཆུབ་སེམས་མ་དྲུག་གི་བྱིན་རླབས་ཀྱི། །
བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །

གང་ཞིག་ཀུན་རྫོབ་ལས་དབང་ཐམས་ཅད་ཀྱིས། །
སྟོང་པའི་གཞིར་གྱུར་དོན་དམ་ལས་དབང་དྲུག །
ཁྲོ་རྒྱལ་ཆེན་པོ་དྲུག་གི་མཐུ་སྟོབས་ཀྱི། །
བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །

གང་ཞིག་ཀུན་རྫོབ་ལས་དབང་བྱ་བ་ཡིས། །
སྟོང་པའི་གཞིར་གྱུར་དོན་དམ་ལས་དབང་དྲུག །
ཁྲོ་མོ་རྒྱལ་མོ་དྲུག་གི་འཕྲིན་ལས་ཀྱི། །
བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །

དེ་ལྟར་ཁྱབ་བྱ་དོན་དམ་ཡེ་ཤེས་ལྷ། །
སུམ་ཅུ་དྲུག་ལ་ཁྱབ་པར་མཛད་པ་པོ། །
སེམས་མེད་སེམས་ཀྱི་རྡོ་རྗེ་འཆང༌། །
རྡོ་རྗེ་དབྱིངས་ཀྱིས་ཁྱེད་ལ་བཀྲ་ཤིས་ཤོག །

མཐར་ཐུག་དོན་དེ་ཐོབ་པར་བྱེད་པའི་ཐབས། །
རླུང་སེམས་འགྱུ་བའི་འཁྲི་ཤིང་གཅོད་པའི་མཚོན། །
བདེ་གསལ་མི་རྟོག་ཡེ་ཤེས་རྡོ་རྗེ་ཡི། །
རྣལ་འབྱོར་མཆོག་དེས་ཁྱེད་ལ་བཀྲ་ཤིས་ཤོག །

འགྲོ་བ་ཀུན་ལ་བུ་ཅིག་ལྟར་དགོངས་པ། །
བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །
བདག་གཞན་མཉམ་རྗེའི་སྤྱོད་མཆོག་རྒྱས་འགྱུར་​བ། །
བྱང་ཆུབ་སེམས་དེས་ཁྱེད་ལ་བཀྲ་ཤིས་ཤོག །

དེ་ལྟར་དོན་དམ་འོད་གསལ་ཆོས་ཀྱི་སྐུ། །
རང་བྱུང་ཡེ་ཤེས་དང་པོའི་སངས་རྒྱས་མཆོག །
མཁའ་ལྟར་ཀུན་ཁྱབ་གཞི་ལ་བཞུགས་པའི་མཐུས། །
ཤིས་བརྗོད་འདི་དག་དོན་བཞིན་གྲུབ་གྱུར་ཅིག །

སྒྲིབ་པའི་ས་བོན་རྩ་བ་འཇོམས་བྱེད་པ། །
རྡོ་རྗེའི་རྣལ་འབྱོར་ཡེ་ཤེས་ཚོགས་མཆོག་དང༌། །
གཞན་ཕན་སྤྱོད་པ་བསོད་ནམས་ཚོགས་ཀྱི་མཐུས། །
ཤིས་བརྗོད་འདི་རྣམས་ཡང་དག་གྲུབ་གྱུར་ཅིག །

ཆུ་ཁམས་གསེར་དང་ནམ་མཁའ་དག་པ་ལྟར། །
དག་པ་གཉིས་ལྡན་བྲལ་འབྲས་ཆོས་སྐུ་དང༌། །
བསྐྱེད་འབྲས་གཟུགས་སྐུའི་ལྗོན་ཤིང་མཆོག་གི་མཐུས། །
ཤིས་བརྗོད་འདི་རྣམས་མྱུར་དུ་གྲུབ་གྱུར་ཅིག །​

ཅེས་པ་འདི་ནི་ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་སོ།། །།མཾ་ག་ལཾ་བྷ་ཝ་ཏུ།།


_______________
ཡོང་ཁུངས།: མེ་ལོང་ནང་བསྟན་གློག་རྡུལ་གསུང་རབ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།