ཀུན་མཁྱེན་དོལ་པོ་སངས་རྒྱས།
༄༅། །ཨོཾ་བྷུར་བྷུ་ཝཿ སྭཱཧཱ།
ན་མོ་དེ་བེ་བྷྱཿ སྭ་སྟི་པྲཛྙཱ་བྷྱཿ སྭཱཧཱ་རཱ་ཛཱ་བྷྱཿ
སྭ་དྷཱ་པི་ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥ་ཌ་ཨིན་ཏྲ་ཡ།
ཀུན་རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི།།
དོན་དམ་ཆོས་ཉིད་བདེ་བ་ཆེན་པོའི་དབྱིངས།།
སྙིང་རྗེ་སྟོང་ཉིད་ཧེ་དང་བཛྲ་དག།
དམིགས་མེད་ཐུགས་རྗེས་འགྲོ་ལ་ཆགས་པའི་སྤྱན།།
ཡེ་ཤེས་མིག་གཅིག་མིག་མེད་མིག་གི་མཆོག།
ཇི་ལྟ་ཇི་སྙེད་གཟིགས་པ་ཀུན་ནས་སྤྱན།།
བཀྲ་ཤིས་སྤྱན་དེས་ཁྱེད་ལ་གཟིགས་གྱུར་ཅིག།
ཁ་དོག་མེད་པའི་ཁ་དོག་ཐམས་ཅད་ལའང་།།
བྱམས་པའི་ཐུགས་མཆོག་འགྱུར་བ་མེད་པའི་སླད།།
ཡན་ལག་མེད་པའི་རྡོ་རྗེ་ཡན་ལག་གནས།།
བཀྲ་ཤིས་སྐུ་དེས་ཁྱེད་སྐུ་བདེ་གྱུར་ཅིག།
གདོད་ནས་རང་བཞིན་གྱིས་གྲུབ་སྦྱིན་པ་དང་།།
སྙན་སྨྲ་དོན་སྤྱོད་དོན་དང་མཐུན་པའི་ཞབས།།
ཆ་མེད་ཀུན་འགྲོ་ཀུན་ལ་བཀྲ་ཤིས་པ།།
ཀུན་ནས་ཞབས་དེས་ཁྱེད་ཞབས་བརྟན་གྱུར་ཅིག།
རང་བཞིན་འགྱུར་མེད་རྣམ་ཐར་བརྒྱད་ཀྱི་ཞལ།།
གཟུགས་མེད་གཟུགས་བཟང་ཞལ་མེད་ཞལ་བཟང་པོ།།
སྒྲ་མེད་ཆོས་སྒྲ་མཁའ་ཁྱབ་སྒྲོགས་པའི་ཞལ།།
བཀྲ་ཤིས་སྒོ་དེ་ཁྱེད་ལ་འབྱེད་གྱུར་ཅིག།
ཕུང་པོ་ཁམས་དང་དབང་པོ་རྣམས་དང་ནི།།
མར་ངོའི་ཚེས་རྣམས་ཀུན་གྱིས་སྟོང་པའི་གཞི།།
དོན་དམ་གཞན་སྟོང་བཅུ་དྲུག་བཀྲ་ཤིས་ཅན།།
ཀུན་ནས་ཕྱག་དེ་ཁྱེད་ལ་སྐྱོང་གྱུར་ཅིག།
ཡར་ངོའི་ཚེས་དང་འཛག་བཅས་དགའ་བ་རྣམས།།
གདོད་ནས་ངོ་བོ་ཉིད་ཀྱིས་འགགས་པའི་གཞི།།
འགྱུར་མེད་དགའ་བ་དེ་ཉིད་བཅུ་དྲུག་གིས།།
བདེ་སྐྱོང་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག།
ཡི་གེ་མེད་ཅིང་བརྗོད་དུ་མེད་པའི་དབྱངས།།
སྟོང་པ་ཆེན་པོ་ཡི་གེ་ལྔ་ཡི་བདག།
སངས་རྒྱས་ལྔ་བདག་བཀྲ་ཤིས་ཅོད་པན་ནི།།
ཁྱེད་ཀྱི་དབུ་ལ་རྟག་ཏུ་གནས་གྱུར་ཅིག།
ཕྱི་ནང་གློ་བུར་དྲི་མ་གདུག་པ་ཅན།།
འདུལ་བར་མཛད་ཕྱིར་བདེ་གཤེགས་སྙིང་པོ་མཆོག།
ཁྲོ་བོའི་སྐུར་སྟོན་བདུད་འདུལ་བཀྲ་ཤིས་ཀྱིས།།
ཁྱེད་ལ་བགེགས་མེད་བཀྲ་ཤིས་མཛད་གྱུར་ཅིག།
བདེ་གཤེགས་སྙིང་པོ་དགྱེས་པ་རྡོ་རྗེའི་ཤ།
ཤ་མེད་ཤ་བཟང་དོན་དམ་ཤ་གང་ཡིན།།
འཕགས་མ་བུཀྐ་སི་ཡི་བཀྲ་ཤིས་ཀྱིས།།
ཁྱེད་ལ་རྟག་ཏུ་ཤིས་པ་མཛད་གྱུར་ཅིག།
དོན་དམ་གཞན་སྟོང་དགྱེས་པ་རྡོ་རྗེའི་ཁྲག།
རྡུལ་མེད་རྡུལ་བྲལ་ཆོས་སྐུའི་ཁྲག་གང་ཡིན།།
འཕགས་མ་ཤ་བ་རི་ཡྀ་བཀྲ་ཤིས་ཀྱིས།།
ཁྱེད་ལ་བཀྲ་ཤིས་ཉི་མ་འཆར་གྱུར་ཅིག།
རང་བཞིན་འོད་གསལ་བདེ་སྟོང་ཡེ་ཤེས་ཀྱི།།
ཁུ་བ་གང་ལགས་གདོལ་བ་མོར་གསུངས་པ།།
དཔེ་མེད་དོན་དམ་ཁུ་བའི་བཀྲ་ཤིས་ཀྱིས།།
ཁྱེད་ལ་བཀྲ་ཤིས་ཟླ་བ་འཆར་གྱུར་ཅིག།
འདུས་མ་བྱས་དབྱིངས་བདེ་གཤེས་སྙིང་པོ་ཡི།།
རྐང་དང་ཚིལ་བུ་པྲ་ཕབ་བརྒྱད་མཚུངས་གང་།།
འཕགས་མ་གཡུང་མོའི་བཀྲ་ཤིས་རྒྱ་མཚོ་ཡིས།།
ཁྱེད་ལ་བཀྲ་ཤིས་རྒྱ་མཚོ་བསྐྱིལ་ཀྱུར་ཅིག།
དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག།
དགྱེས་པ་རྡོ་རྗེའི་པགས་པ་གང་ལགས་པ།།
བྱང་ཆུབ་ཡན་ལག་བདུན་གྱི་བཀྲ་ཤིས་ཀྱིས།།
ཁྱེད་ལ་བཀྲ་ཤིས་ཡན་ལག་སྤེལ་གྱུར་ཅིག།
རྟེན་འབྲེལ་ལས་འདས་གཞོམ་དུ་མེད་པའི་དབྱིངས།།
དགྱེས་པ་རྡོ་རྗེའི་རུས་པ་ཆོས་ཉིད་ཀྱི།།
བདེན་པ་བཞི་པོའི་བཀྲ་ཤིས་ལྷུན་པོ་ཡིས།།
ཁྱེད་ལ་བཀྲ་ཤིས་ལྷུན་པོ་སྤེལ་གྱུར་ཅིག།
ཟླ་ཉི་གདོད་ནས་འགགས་པའི་ཟླ་ཉི་གཞན།།
རྡོ་རྗེ་ཟླ་བ་དྲི་མེད་འོད་དང་ནི།།
རྡོ་རྗེ་ཉི་མ་སྣང་ཆེན་བྱིན་རླབས་ཀྱིས།།
ཤིས་བརྗོད་མཆོག་འདི་ཡང་དག་གྲུབ་གྱུར་ཅིག།
སྙིང་ཁའི་རྩ་བརྒྱད་ལྟེ་བར་བཅས་པ་ལ། །
རྟག་ཏུ་བཞུགས་པའི་དགྱེས་རྡོར་ལྷ་དགུ་ཡི། །
བྱིན་རླབས་མཐུ་སྟོབས་མཁའ་ཁྱབ་བདེན་པའི་མཐུས། །
ཤིས་བརྗོད་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག །
ཅེས་པ་འདི་ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་སོ།། །།
མངྒ་ལཾ། བྷ་ཝནྟུ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།