གསུང་གནས། དྷ་ས་བཞུགས་སྒར་ཕོ་བྲང་།
ཡིག་ཕབ་དང་ཞུ་སྒྲིག་པ། འཇམ་དབྱངས་དཀར་པོ།
གསུང་ཡུལ། བླ་མ་བཟོད་པ་སོགས་གདུལ་བྱ་ཡོངས།
གསུང་དུས། སྤྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ ཉིན།
དེ་རིང་བོད་ལོའི་ལོ་སར་གྱི་སྐབས་མཚམས་ལ་ཁེལ་ཡོད་པས། གོ་སྐབས་འདི་བཟུང་ནས་བོད་ཕྱི་ནང་ལ་ཡོད་པ་དང་། དེ་བཞིན་དུ་སོག་པོ་དང་། ཧི་མཱ་ལ་ཡའི་རི་རྒྱུད་སོགས་བོད་པའི་ལོ་སར་བརྩི་མཁན་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ངས་བོད་ནང་གི་རྒྱ་ཆེའི་མི་དམངས་དེ་དག་བརྙན་འཕྲིན་ནང་ནས་ཏོག་ཙམ་མཐོང་ཐུབ་ཀྱི་ཡོད། བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཚང་མས་འཕགས་པ་སྤྱན་རས་གཟིགས་ཞེས་དངོས་གནས་དད་པ་དང་། རྩེ་གཅིག་པའི་མོས་པ་ཧ་ལས་པའི་ཤུགས་ཆེན་པོ་ཡོད་པ་དེས་སེམས་ལ་ཞི་བདེ་ཡོང་གི་ཡོད་པར་མ་ཟད། དེ་བརྒྱུད་ནས་རང་བཞིན་གྱིས་སོ་སོ་བག་ཕེབས་པ་དང་། མི་སེམས་བཟང་ཞིག་ཡོང་ཐུབ་པས། བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་དམངས་ཚོར་ལོ་སར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སྔར་ང་ཚོའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་ཟུར་དུ་བཟོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ནས་བཀའ་འགྱུར་དང་བསྟན་འགྱུར་བོད་ཡིག་ནང་ལ་ཚུར་བསྒྱུར་ནས། སྔོན་གྱི་ཆོས་རྒྱལ་གོང་རིམ་ཚོས་དངོས་གནས་དྲང་གནས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་འདུག ང་ཚོ་དེ་དག་གི་རྗེས་འབྲངས་པ་ཆགས་ཡོད་པས། བོད་རིགས་སྤྱི་དང་ལྷག་པར་གཞིས་ལུས་རྒྱ་ཆེའི་མི་དམངས་ཁྱོད་ཚོ་ཚང་མས་ད་ལྟ་ནང་བཞིན་བྱས་ཏེ། ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཀྱི་ནང་ནས། རིགས་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་རྒྱུ་ཡོད་པ་དེ་བོད་ཀྱི་ནང་ཆོས་ཡིིན་པ་དང་། བོད་ཀྱི་ནང་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཆགས་ཡོད་པ་ལ་སེམས་ནས་སྤོབས་པ་བྱས་ཏེ། སོ་སོར་ཐོས་བསམ་སྒོམ་གསུམ་བྱེད་རྒྱུའི་གོ་སྐབས་བྱུང་བ་དེས་བོད་ཀྱི་རིག་གཞུང་ཡང་འཛིན་གྱི་ཡོད། དེ་ལྟ་བུའི་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་ལ་བོད་སྐད་དགོས་ཀྱི་ཡོད་པས། བོད་ཀྱི་སྐད་དང་རིག་གཞུང་ལ་རང་བཞིན་གྱིས་བརྩི་མཐོང་ཡོང་གི་ཡོད། སྔ་མོ་ཡིན་ན་བོད་ཡིག་ལ་དོ་སྣང་བྱེད་མཁན་ང་ཚོ་བོད་དང་། སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་ཚོ་དེ་དག་ཙམ་ཡིན་ན་ཡང་། དེང་སང་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་གསར་པ་བྱས་ཡོང་གི་ཡོད་པར་བརྟེན། བོད་མི་རིགས་ཀྱིས་དུས་རབས་བདུན་པ་དང་བརྒྱད་པ་ནས་བཟུང་སྟེ། བོད་མི་རིགས་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་བཟོས་པ་དེར་ང་ཚོས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན།
འདིར་བཙན་བྱོལ་ལ་ཡོད་པའི་བོད་པ་ཚོས་བཙན་བྱོལ་ཆགས་རྗེས་ཀྱི་ལས་འགན་དང་པོ་དེ། བོད་པའི་སྐད་ཡིག་དང་ཆོས། རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་བརྩིས་ནས། སློབ་གྲྭའི་ནང་ལ་བོད་ཡིག་སློབ་པ་དང་། བོད་སྐད་སློབ་རྒྱུ་དགོས་ཀྱི་འདུག་ཅེས་ངས་ནེ་རུ་ལ་སྙན་གསེང་ཞུས། ནེ་རུས་ཀྱང་དེ་རང་འགྲིག་གི་རེད་ཅེས་བཀའ་གནང་སྟེ། བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་བོད་ཡིག་སློབ་རྒྱུ་ཙམ་དུ་མ་ཟད། བར་སྐབས་ནས་སློབ་གྲྭ་ཚོའི་ནང་ལ་བློ་རིགས་དང་རྟགས་རིགས་ཁྲིད་རྒྱུ་དེ་ངས་གསར་གཏོད་བྱས་པ་ཡིན། གཙོ་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་ལ་ཡོད་པའི་སེ་འབྲས་དགའ་གསུམ་གཙོ་བོར་གྱུར་པའི་བཤད་གྲྭ་ཁག་དེ་དག་གིས་མུ་མཐུད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བརྒྱབ་སྟེ། དགེ་བཤེས་མཁས་པ་སྟོང་ཕྲག་ཐོན་ཡོང་གི་ཡོད། མུ་མཐུད་ནས་དཔེ་ཆར་ལྟ་ཡི་ཡོད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་མཉམ་པ་སོར་ཆུད་དང་། མི་མཉམ་གོང་འཕེལ་ཡོང་བར་ང་ཚོ་བཙན་བྱོལ་བ་ཚོས་ཀྱང་དེ་ལྟར་ལས་འགན་སྒྲུབ་ཀྱི་ཡོད།
བོད་ནང་ལ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་དམངས་དེ་དག་དངོས་གནས་དད་པ་དང་། འདུན་པ་རྩེ་གཅིག་བྱས་ནས་ཡོད་པ་དེ་མུ་མཐུད་ནས་འཛིན་དགོས། དེ་བྱུང་ན་སེམས་ལ་སྤོབས་པ་ཞིག་སླེབས་ཀྱི་རེད། བོད་པ་ཚོས་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་ཡག་པོ་ཞིག་བརྒྱབ་ནས་བསྡད་ན། དེང་སང་རྒྱ་ནག་ནང་ནས་ཀྱང་རྒྱ་རིགས་མང་པོས་ནང་ཆོས་ལ་དོ་སྣང་གསར་པ་བྱས་ཏེ། རྒྱ་ནག་ནང་ལ་ནང་པའི་ཆོས་བྱེད་མཁན་གཞི་ནས་ཇེ་མང་ཇེ་མང་ལ་འགྲོ་ཡི་ཡོད། ལྷག་པར་རྒྱ་ནག་གི་སློབ་གྲྭ་ཆེན་མོའི་ནང་གི་དགེ་རྒན་ཁ་ཤས་ཀྱིས་ང་ཚོས་འདི་ནས་ཕྱོགས་བསྒྲིགས་བྱས་ཏེ་རྒྱ་ཡིག་ལ་བསྒྱུར་བའི་«ཚན་རིག་ཀུན་བཏུས་»དང་«ལྟ་གྲུབ་ཀུན་བཏུས་»ཀྱི་དེབ་མཐོང་ཡོང་ནས། དེ་ལ་དམིགས་བསལ་གྱིས་དགའ་བོ་བྱེད་ཀྱི་འདུག་པར་མ་ཟད། བོད་ཀྱི་ཆོས་བརྒྱུད་དེ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དང་། ཚན་རིག་དང་ཡང་མཐུན་པ་ཞིག་རེད་ཅེས་བཤད་ཀྱི་ཡོད་པའི་སྐད་ཆ་གོ་ཐོས་བྱུང་། དེང་སང་རྒྱ་ནག་ནང་ལ་ནང་པ་ཇེ་མང་ཇེ་མང་ལ་འགྲོ་ཡི་ཡོད་པས། ཆབ་སྲིད་ཀྱི་ཐོག་ནས་ང་ཚོ་རྒྱ་མིས་དབང་བསྒྱུར་བ་ཡིན་ན་ཡང་། ཆོས་ཕྱོགས་ཀྱི་ཐོག་ནས་ང་ཚོས་རྒྱ་ནག་ནང་ལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དག་རིམ་པས་རྒྱ་ཆེར་སྤེལ་ཐུབ་པའི་གོ་སྐབས་འདུག ངས་སེམས་ཤུགས་དེ་འདྲ་ཞིག་འཁྱེར་བསྡད་ཡོད་པས། ཁྱོད་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨང་། འདིས་ལོ་སར་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།
འདིའི་རྗེས་སུ་སེམས་བསྐྱེད་ཅིག་འདོན་རྒྱུ་ཡིན། ད་ལྟ་བཤད་མ་ཐག་པ་བཞིན་སྲོག་ཆགས་སུ་འདྲ་ཞིག་ཡིན་ཡང་བརྩེ་བ་ལ་དགའ་བོ་བྱེད་པ་དང་། མི་ནི་དེ་བས་ཀྱང་ངོ་།། སྤྱོད་འཇུག་ནས། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར།། ཞེས་གསུངས་པ་ལྟར་རེད། ཡང་སྙིང་རང་གཅེས་པར་འཛིན་པ་དེ་རྒུད་པ་ཀུན་གྱི་སྒོ། སྡུག་བསྔལ་གྱི་རྩ་བ། གཞན་གཅེས་པར་འཛིན་པ་དེ་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་མཐའ་དག་ཡོང་བའི་གཞི་ཡིན་གསུངས་འདུག་པར་བརྟེན། སྤྱོད་འཇུག་ནས། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་གསུངས་པ་དེ་བདེན་པ་རེད།
རང་བདེ་གཙོ་བོར་མི་སེམས་པར། གཞན་བདེ་གཙོ་བོར་སེམས་པ་ཡིན་ན་བདེ་སྐྱིད་ཡོང་བ་དང་། དེ་ལྟར་མིན་པར་རང་གཅེས་པར་བཟུང་། གཞན་ཡལ་བར་དོར་བ་ཁོ་ནའི་དབང་དུ་ཕྱིན་པ་ཡིན་ན། འཛམ་བུའི་གླིང་འདིའི་སྒང་ལ་མི་ཚེ་གཅིག་གི་རིང་སྐྱིད་པོ་མེད་པ། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཅེས་གསུངས་པ་དེས་ཧ་ཅང་གསལ་པོ་དང་། མངོན་སུམ་གྱིས་ར་འཕྲོད་པ་ཞིག་ཡིན་པས། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ན་ཡང་། སེམས་པ་བཟང་པོ་བྱས་ནས་སྡོད་རྒྱུ་བྱུང་ན་ཀུན་ལ་ཕན་གྱི་ཡོད། "ང་་་ང་་་" ཞེས་སོ་སོ་གཅིག་པུ་རྩ་ཆེན་པོར་བརྩིས་ནས། གཞན་ཡལ་བར་དོར་ནས་ཕྱིན་པ་ཡིན་ན། འཕྲལ་སེལ་ཡིན་ན་ཡང་ཉི་མ་རེ་རེ་བཞིན་སོ་སོའི་སེམས་ལ་དངངས་སྐྲག་དང་། སེམས་མི་སྐྱིད་པ་ཡོང་བ། གཞན་ལ་བརྩེ་བ་ཤུགས་ཆེན་པོ་ཡོད་ན། འཕྲལ་དུ་སོ་སོ་སེམས་སྐྱིད་པར་མ་ཟད། རོགས་པ་ཚོ་ཡང་སེམས་སྐྱིད་པ། རང་བཞིན་གྱིས་ཁོར་ཡུག་དེ་ཞི་བདེ་ཡོད་པ་ཞིག་ཆགས་ཡོང་བར་བརྟེན། བདག་བདེ་གཞན་གྱི་སྡུག་བསྔལ་དང་།། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་ལ་ན་ཡང་བདེ་བ་མེད།། ཅེས་གསུངས་པ་རེད།
འཛམ་བུའི་གླིང་འདིའི་སྒང་ལ་རྙོག་གྲ་མང་པོ་ཞིག་ཡོང་གི་ཡོད་པ་ཚང་མའི་རྩ་བ་རང་གཅེས་པར་བཟུང་། གཞན་ཡལ་བར་དོར་བ་དེའི་ཐོག་ནས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་ཡིན་པས། སྤྱོད་འཇུག་ནས་གསུངས་པ་དེ་དགོངས་པར་བཅིངས་ནས། འདིར་སེམས་བསྐྱེད་ཅིག་ལ་བསམ་བློ་གཏོང་རྒྱུ་ཡིན། སེམས་བསྐྱེད་ཀྱི་ཚིག་དེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་གུར་གྱི་རྒྱུད་ཚིག་དེ་ཡིན།
མདུན་ལ་བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ་པ་དངོས་གནས་ལ་ཡོད་བསམ་པ་དང་། སྡོམ་པ་འབོག་མཁན་གྱི་བླ་མ་དེ་བཅོམ་ལྡན་འདས་ཀྱི་མགྲོན་གཉེར་ལྟ་བུ་བྱས་ནས་ཡོད་པར་བསམ་བློ་ཐོངས། ད་གི་ཞུས་པ་བཞིན་ང་ཚོ་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་སྟོན་པ་དེའི་རྗེས་སུ་འབྲངས་མཁན་ཞིག་ཆགས་ཡོད་པ་དང་། སྟོན་པ་དེས་ཐོག་མར་སེམས་བསྐྱེད། བར་དུ་གྲངས་མེད་གསུམ་གྱི་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། དེའི་རྩ་བ་དེ་དབུ་མ་འཇུག་པའི་ནང་ལ་གསུངས་པ་བཞིན་སྙིང་རྗེ་ཆེན་པོ་ལ་ཐུག་ཡོད། དེ་རིང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ང་ཚོ་བོད་པའི་ལོ་སར་ཤར་རན་ཡོད་པས། ངའི་ངོས་ནས་ལོ་སར་གྱི་ལེགས་སྐྱེས་ཀྱི་ཚོད་ལྟ་བུ་འདི་ཡིན། ཤེས་སོང་ངམ།
ང་ཚོ་སྟོན་པ་དེ་ལྟ་བུ་ཞིག་གི་རྗེས་སུ་འབྲང་གི་ཡོད་པས། སྟོན་པའི་རྗེས་འབྲངས་རྣལ་མ་ཞིག་བྱ་ན། སྟོན་པས་ག་འདྲ་ཞིག་གནང་བ་ལ་མིག་དཔེ་བལྟས་ནས། སྟོན་པ་ནང་བཞིན་ཞིག་བྱ་རྒྱུ་ཡིན་བསམ་པའི་སེམས་ཤུགས་བསྐྱེད་ཅིང་། འབད་བརྩོན་བྱས་ན། སྟོན་པའི་རྗེས་འབྲངས་རྣལ་མ་ཞིག་ཆགས་པ་རེད་ལ། སྟོན་པ་ལ་སྐྱབས་སུ་མཆིས་པའི་དགོས་དོན་ཡང་ཚང་བ་ཡིན། དེ་མིན་སྟོན་པ་རྩ་ཆེན་པོ་རེད་ཅེས་ལབ་སྟེ། སོ་སོས་སྟོན་པའི་གསུང་ལ་དོ་སྣང་ཅི་ཡང་མ་བྱས་པར་བསྡད་ན་དགོས་པ་ཅི་ཡང་གྲུབ་མེད་པས། སྟོན་པ་ཐུབ་པའི་དབང་པོ་གསལ་བཏབ། ང་མགྲོན་གཉེར་གྱི་ཚོད་ལྟ་བུ་ཞིག་ལ་བསམ་བློ་བཏང་། སྟོན་པའི་མཐའ་སྐོར་ལ་བྱམས་འཇམ་དབྱངས་ཀྱིས་མཚོན་པའི་ཉེ་བའི་སྲས་ཆེན་བརྒྱད། ལྷ་བུའི་རྣམ་པ་ཅན་གྱི་བྱང་སེམས་འཕགས་པ་དེ་དག་དང་། དེ་ནས་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ། མིའི་རྟེན་ཅན་གྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་རིམ་གྱི་བླ་མ་དེ་དག་ཡོད་བསམས་པའི་དགོས་པ་དེ། ང་ཚོས་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ཀྱི་ཡོད་པས། རང་གི་མཐའ་འཁོར་དུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་དེ་དག་ཡོད་པ་བློ་ལ་ཤར་བར་བྱས་ནས། དེ་དག་ཀྱང་རང་དང་རང་འདྲ་བར་སྡུག་བསྔལ་མི་འདོད་ཅིང་། བདེ་བ་འདོད་པ་ཤ་སྟག་ཡིན་པས། དེ་དག་ཚང་མའི་ཆེད་དུ་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བའི་ཐོག་ནས། སྟོན་པ་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བསམས་ནས་སེམས་བསྐྱེད་བཟུང་བ་ཡིན།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རངས།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།། སངས་རྒྱས་ཆོས་དང་ཚོགས་མཆོག་ལ།། བྱང་ཆུབ་བར་དུ་སྐྱབས་སུ་མཆི།། ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། རང་དོན་སྒྲུབ་ན་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་པའི་རང་དོན་སྒྲུབ་པའི་ཐབས་ཤེས་མེད་པ་དང་། གཞན་དོན་སྒྲུབ་ན་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་པའི་གཞན་དོན་སྒྲུབ་རྒྱུ་མེད། བྱང་ཆུབ་ཀྱི་སེམས་ཀྱིས་འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། སེམས་སྐྱིད་པ། ལུས་བདེ་བ་བཅས་གང་ལྟར་ཧ་ལས་པ་ཞིག་རེད།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།