རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 7 February 2021

རྨི་ལམ།

ནུབ་རི་མི་ཕམ་རྣམ་རྒྱལ།


༈ སྔ་མོ་གཏི་མུག་ཡར་ལ་སད་དུས།།
དགུང་མོར་ཉལ་བའི་རྨི་ལམ་དྲན་བྱུང་།།
རྨི་ལམ་རྣམ་རྟོག་སྔོན་གྱི་བག་ཆགས།།
ཡིད་ལ་འཁོར་ཞིང་ལྷང་ལྷང་སྐྱོ་སྣང་།།

ལོ་དྲུག་ལོ་བདུན་རྩེད་མོ་མཉམ་དུ།།
ཨ་མ་མཉམ་དུ་ཞིང་ལས་ཕྱིན་པས།།
དྲིན་ཅན་ཨ་མའི་པང་ལ་ཉལ་ནས།།
ལོ་འཁོར་བཅུ་གཉིས་སློབ་པའི་རྨི་ལམ།

ལོ་ན་བདུན་སྐབས་རྩེད་དགའི་དུས་སུ།།
ཡབ་མེས་ཞིག་གི་རྡོ་བརྐོས་རི་མོ།།
རང་ཉིད་མི་འདོད་བཞིན་དུ་སློབ་པས།།
འདང་དགོང་རྨི་ལམ་ནང་དུ་ཤར་གྱི།།

ལོ་ན་དགུ་ཐོག་ཨ་ཁུ་དམ་པས།།
འབྲི་ཀློག་མཐོང་རྒྱུན་ཕྱག་བཞེས་རྣམ་པ།།
དབྱུག་པ་དང་འབྲེལ་སློབ་པའི་ཤེས་བྱ།།
འདང་དགོང་རྨི་ལམ་ནང་དུ་བྱུང་གི།

བཅུ་དང་བཅུ་གསུམ་ཞང་པོ་ལྷན་དུ།།
རི་མོ་མི་ཤེས་པིར་གཅིག་འཁུར་ནས།།
གཞན་གྱི་སར་ན་དགོན་ཆུང་འགའ་ཞིག།
ནག་པོའི་མཚོན་དེས་གཏོང་བའི་རྨི་ལམ།།

བཅུ་བཞི་བཅོ་ལྔ་གྲོང་ཆོག་རྒྱུགས་ཤིང་།།
ག་དུས་ཤིང་བཟོ་ཚོང་ལས་བྱེད་པས།།
ཁེ་ཕོག་གྱོང་རྒུད་ནུས་པ་ཤེས་དུས།།
དྲིན་ཅན་ཨ་ཕས་སྐུ་འདས་རྨི་ལམ།།

བཅུ་དྲུག་གོམས་ཁ་དལ་གྱིས་འགྱུར་ནས།།
བལ་པོ་ཡུལ་དུ་གནས་སྐོར་ཡོངས་པས།།
སྐྱེ་སྔོན་བསོད་ནམས་ལས་ཀྱི་མཐུ་ལས།།
༧སྐྱབས་རྗེ་རྣམ་གཉིས་མཇལ་བའི་རྨི་ལམ།།

བཅུ་དྲུག་བཅུ་བདུན་ལོ་དུས་འགའ་ཞིག།
སྐད་དང་རིག་གཞུང་བླ་སྲོག་ཆེད་དུ།།
ཤ་ཚ་བརྩེ་བའི་བཤེས་གཉེན་སྨོན་ལམ།
དགེ་ཕྲུག་གྱུར་བའི་རྨི་ལམ་སྨིད་ཀྱི།།

བཅུ་དགུ་ཉི་ཤུ་བཤད་གྲྭར་ཚུད་ཅིང་།།
ག་དུས་ཡིག་གཟུགས་སློབ་ལ་འགྲོ་ཡི།།
ག་དུས་རྒྱལ་ཁམས་སྐོར་ལ་འགྲོ་ཞིང་།།
སྐྱིད་པའི་སྣང་བ་འདང་དགོང་རྨི་ལམ།།

ཉེར་གཅིག་དུས་སུ་རྡོར་གདན་ཞིང་ན།།
༧རྒྱལ་མཆོག་ཨོ་རྒྱན་འཕྲིན་ལས་རྡོ་རྗེས།།
མན་ངག་བསླབ་ཚིག་སྙིང་ལ་ཕོག་པས།།
ལྷོ་ཕྱོགས་བྲོས་པའི་རྨི་ལམ་ཤར་བྱུང་།།

མཚན་སྙན་གྲགས་པའི་བྱེས་ཀྱི་གདན་སར།།
གྲྭ་ཞུགས་བྱས་ནས་བསྡུས་གྲྭ་བློ་རྟགས།།
ལོ་གསུམ་ལོ་བཞི་བརྩོན་ཙམ་བྱེད་པས།།
ཆོས་གྲོགས་མཉམ་དུ་དགའ་སྐྱིད་རྨི་ལམ།།

བྱིས་པའི་དུས་སུ་བརྙན་པར་ཞིག་ལ།།
སུ་ཡིན་མི་ཤེས་མཇལ་ཙམ་སྤྲོ་ཞིང་།
འབྲི་ཀློག་དུས་སུ་དཔེ་རིང་སྒང་ལ།།
བཞག་པས་༧གྲུབ་དབང་བླ་མ་དྲན་ནས།།

མཚན་སྙན་གྲགས་བའི་སྔ་འགྱུར་མཐོ་སློབ།།
མདོ་སྔགས་རིག་པའི་གཞུང་ལུགས་ལྟེ་གནས།།
མི་རིགས་མི་གཅིག་འབུམ་གྱི་འབྱུང་གནས།
གདན་སར་གྲྭ་ཞུགས་བྱེད་པའི་རྨི་ལམ།།

ནུབ་ཀྱི་རི་བོ་ལྗོངས་སུ་འཁྲུངས་ཤིང་།།
བྱང་སེམས་མི་གཟུགས་མཁན་ཆེན་དམ་པ།།
སྐབས་དང་དུས་སུ་བསླབ་ཚིག་མན་ངག།
བརྩེ་བས་གསུང་དེ་འདང་གོང་རྨི་ལམ།།

ད་ནི་ལོ་ན་རིམ་གྱིས་ཟད་ཅིང་།།
དཔྲལ་བ་གཉེར་མ་འབང་རིམ་མཐོ་པས།།
ལུས་ཀྱི་ན་ཟུག་རིམ་གྱིས་འོང་དུས།།
མི་རྟག་འཆི་བ་རྨི་ལམ་ཤར་གྱི།།

སྐོར་སྐོར་རྒྱལ་ཁམས་གཉེར་མ་མང་གི།
བྱས་ཚད་ལས་ལ་སྒྲུབ་འབྲས་མི་འཐོན།།
ད་ནི་ལོ་ན་སུམ་ཅུ་བརྒལ་བ།།
ཡིད་ལ་ཤར་ཚེ་སྐྱོ་སྣང་གདུང་བ།།

དེ་རིང་སྔ་མོ་མལ་ནས་དལ་གྱི་ལངས་བ་ན་མཚན་ཁོང་གི་རྨི་ལམ་ཞིག་ནུབ་རི་བ་མི་ཕམ་རྣམ་རྒྱལ་ལམ་ཨ་བྷྱ་རཱ་ཛཱ་ནས་བཀོད་དོ།།


རྩོམ་ཁུངས།:
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།